[A:༣༠༩]བཞིའི་སྒོ་ནས་རྒྱལ་པོའི་བཙོན་རར་ཚུད་པའི་སྐྱེ་བོའི་དོན་མི་དང་དུད་འགྲོར་བཅས་པའི་སྲོག་སྐྱབས། ཆོས་ཀྱི་སྦྱིན་པས་དམིགས་པ་མེད་པའི་སེམས་ཅན་ཐམས་ཅད་ཚིམ་པ་དང༌། ཟང་ཟིང་གི་དངོས་པོས་ཕྱི་ནང་ཐམས་ཅད་ཚིམ་པར་བྱས་པ་སོགས་ཀྱི་སྒོ་ནས། སྟེར་སྦྱིན་བྱེད་པོ་རྣམས་དང་དམིགས་ཡུལ་ལྟོས་པར་བཅས་པ་ཀུན་གྱི་དོན་དུ་བསགས་པ་དོན་ཡོད་པའི་དགོས་པ་དེ་ཙམ་མོ། །ད་ལྟ་ནི་རང་ཉིད་འཆི་བ་ནམ་ཡོང་ངམ་སྙམ་པའི་མི་རྟག་པའི་ལྕག་གིས་བསྐུལ། མ་གྱུར་མཁའ་མཉམ་སེམས་ཅན་གྱི་དོན་དུ་རྩེ་གཅིག་ཏུ་བྱང་ཆུབ་སྒྲུབ་པ་ལ་གཞོལ་བ་འདི་ལགས་སོ། །བརྒྱད་པ་བསྟན་པ་སྲིད་མཐར་རྒྱས་པའི་སླད་དུ་གསུང་ལས་འཁྲུངས་པའི་བཤེས་གཉེན་གྱི་ཚོགས་བྱོན་པ་ནི། མདོ་སྔགས་གསར་རྙིང་གི་རྒྱུད་སྡེ་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་བརྙེས་པ་སྙན་བརྒྱུད་ཀྱི་གདམས་པ་རྒྱ་མཚོ་ལྟ་བུའི་མངའ་བདག་ཚུལ་ཁྲིམས་ཀྱི་ཕུང་པོས་རྒྱུད་ཡོངས་སུ་མཛེས་ཤིང་ཤེས་བྱའི་མཁའ་ལ་མཁྱེན་རབ་ཀྱི་གཟི་འོད་འབུམ་ཕྲག་འགྱེད་པའི་སྔགས་འཆང་ཆེན་པོ་རྗེ་བཙུན་དབོན་རིན་པོ་ཆེ་དབང་ཕྱུག་རབ་བརྟན་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། རྗེ་བཙུན་མཆོག་གི་དབང་པོའི་རྒྱལ་ཚབ་དམ་པ་མཁན་བསླབ་གསུམ་དབང་ཕྱུག །ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་བསྙེངས་པ་མི་མངའ་བ་ལུང་དང་རིགས་པ་སྨྲ་བ་ཀུན་གྱི་བདག་ཉིད་ཆེན་པོ་རྣམ་དཔྱོད་བློ་གྲོས་ཀྱི་བུམ་པ་གཞལ་དུ་མེད་པ་ཀུན་དགའ་བློ་གྲོས་བཟང་པོ། བྱང་ཆུབ་སེམས་ཀྱིས་དུས་ཀུན་འཚོ་བ་ཆོས་ལུང་གི་གདན་ས་པ་དཀོན་མཆོག་རྒྱལ་མཚན། མདོ་རྒྱུད་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཞིང་སྙན་བརྒྱུད་