R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༡༡
[A:༣༡༡]རྣམ་དགའ་གདོང་གི་སློབ་དཔོན་པ། ངམ་རིང་བཞི་སྡེའི་ཇོ་གདན་སློབ་དཔོན་རྣམས་དང༌། འོད་ཟེར་རྒྱལ་མཚན། མགོན་པོ་ཆོས་དབང༌། ཆོས་རྒྱལ་མཚན། པདྨ་འཕེལ། བློ་གྲོས་བཟང་པོ་སོགས་ཁམས་པའི་སློབ་བུ་ཕྲན་བུ་དང༌། གཞན་ཡང་བསྟན་པ་དང་སེམས་ཅན་གྱི་དོན་ནུས་ངེས་ཀྱི་ཐུན་བཞིའི་དགེ་སྦྱོར་གོང་འཕེལ་གྱི་སྒྲུབ་པོ་གྲངས་ལས་བརྒལ་བ་དང་བཅས་པ་ཡོད་དོ། །གསུམ་པ་བྱང་ཆུབ་སེམས་དཔའི་སྤྱོད་པས་མ་གྱུར་འགྲོ་བའི་དོན་རབ་འབྱམས་བྱས་ཚུལ། དངོས་དང་བརྒྱུད་ནས་གྲངས་མེད་པའི་སེམས་ཅན་གྱི་དོན་བྱས་པར་རགས་པ་ཙམ་དུ་གོང་དུ་བརྗོད་ཟིན་མོད། སླད་དུ་ཡང་འཁོར་བ་མ་སྟོངས་བར་དུ་ལུས་སྲོག་ཐེད་དུ་བོར་ནས་དམྱལ་བར་སོང་ཡང་གཞན་དོན་ལ་སྐྱོ་ངལ་མེད་པར་བྱེད་པ་འདི་ཡིན། དེ་ཡང་འགྲོ་ཀུན་ཕན་པ་དང་བདེ་བའི་གོ་སྐབས་བླ་ན་མེད་པ་འབྱུང་བའི་སྒོ་ནི་དཀོན་མཆོག་གསུམ་གྱི་དབུ་འཕང་ལ་རག་པ་འདུག་པས། དེ་གསུམ་མི་ཉམས་པའི་ཐབས་ལ་འབད་རྩོལ་དང་ཁོར་ཡུག་ཏུ་དམིགས་པ་མེད་པའི་ཆོས་སྦྱིན་གྱི་བསམ་གཏན་ལ་བརྩོན་པ་འདི་ལགས། གང་ལྟར་བདག་ལྟ་བུའི་བླུན་པོ་ལ་རྣམ་ཐར་དང་བཅས་པའི་ངོ་མཚར་གྱི་འཕྲེང་བ་འཆད་རྒྱུ་ཅི་ཡང་མེད་མོད། འོན་ཀྱང་དད་པའི་ཚིག་གིས་བསྐུལ་བ་ནན་ཆེས་པས་སྐྱོན་ཐམས་ཅད་གསངས་ནས་ཡོན་ཏན་ཅུང་ཟད་ཡོད་པ་ཐམས་ཅད་བྲིས་པ་ཡིན། དེ་ཡང་སྙན་དངགས་སོགས་ཀྱི་ལེགས་ལེགས་མི་ཤེས་པས་ཚིག་སྐྱོན་མང་པོ་ཡོད་ན་གཟུར་གནས་མཁས་པ་རྣམས་ཀྱིས་གཟིགས་ན་བཟོད་པར་བཞེས། མཐར་ཐུག་དོན་གྱི་འབྲས་བུ་གཞན་ནས་བཙལ་དགོས་པ་ཡང་