R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༧༤
[A:༡༧༤]དོན་ཡོད་རྡོ་རྗེ། མདོ་རྒྱུད་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པའི་རིག་འཛིན་གྲུབ་མཆོག་ཀུན་དགའ་མཆོག་ལྡན། ཤེས་བྱའི་མཁའ་ལ་མཁྱེན་རབ་ཀྱི་གཟི་འོད་འབུམ་ཕྲག་འགྱེད་པར་ནུས་པའི་བདག་ཉིད་ཆེན་པོ་འདར་སྐྱིད་གཤོངས་པ་བློ་གྲོས་རྣམ་རྒྱལ། །འཇམ་དཔལ་གཤིན་རྗེས་རྗེས་སུ་བཟུང་བའི་བྲག་དཀར་ཆུ་བཟང་པ་དཀོན་མཆོག་རྒྱལ་མཚན། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་གདུང་གསོ་བ་བསྟན་འཛིན་ཉི་མ་བཟང་པོ། རྒྱལ་བ་གཉིས་པ་མཁྱེན་བརྩེའི་དབང་ཕྱུག་གི་རྒྱལ་ཚབ་བོ་དོང་མཁན་རིན་པོ་ཆེ་བསླབ་གསུམ་དབང་ཕྱུག །བཀའ་བརྒྱུད་བསྟན་པའི་སྒྲོན་མེ་འབྲུག་པ་གཅུང་རིན་པོ་ཆེ། འཁྲུལ་ཞིག་གྲུབ་པའི་དབང་པོ་ར་ས་འཛིན་གྱི་གདན་ས་པ་བསྟན་པ་བཟང་པོ། ལུང་རིགས་རྒྱ་མཚོའི་མཐར་སོན་ཞིང་ཉན་གྲོལ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་མངའ་བདག་རོང་པ་དགེ་སློང་ཆོས་བཟང་པོ། སྔགས་འཆང་གྲུབ་པའི་མངའ་བདག་ཞབས་དྲུང་མཁྱེན་བརྩེའི་དྲུང་གི་ཁུ་བོ་རྗེ་ནམ་མཁའ་རྒྱལ་བ། ཤངས་རི་བོ་བདེ་ཆེན་བ་བླ་མ་རྣལ་འབྱོར་པ། མྱུག་པ་ཆོས་རྗེ་སྦྲུམ་ཕུ་བ། གཞན་ཡང་ཆུང་ངུའི་དུས་བླ་མའི་རྣལ་འབྱོར་དང༌། ཚེ་དབང་དང༌། བྱིན་རླབས་ཟབ་མོ་འདྲ་ཐོབ་པའི་བླ་མ་བདུན་དང་བཅས་བསྟེན་ནས་མདོ་རྒྱུད་བསྟན་བཅོས་སོགས་གསང་སྔགས་གསར་རྙིང་བོད་ཡུལ་དུ་འགྱུར་རོ་ཅོག་གི་དམ་ཆོས་མཐའ་དག་ལ་ཕྱི་ནང་གི་སྒྲོ་འདོགས་ལེགས་པར་ཆོད་པའོ། །སྐྱེས་ཆེན་རྣམས་ཀྱི་ཚངས་དབྱངས་རྒྱ་མཚོ་ལ། །བློ་མིག་ལྡོང་ཡང་བདུད་རྩིའི་ཆུ་ཐིགས་འཐུང༌། །ཉམས་མྱོང་རླན་གྱིས་སྦྱར་བའི་འབྲས་བུ་སྨིན། །སྐལ་བཟང་སྙན་བརྒྱུད་བདུད་རྩི་འཐུང་འདོད་རྣམས། །རིངས་པར་