R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༧༥
[A:༡༧༥]ཚུར་ཤོག་ཆོས་ཀྱི་བགོ་སྐལ་ལོང༌། །རྟོགས་འདོད་དོན་གཉེར་རྟོག་གེའི་རིག་པ་སྦྱོང༌། །ཕོ་སྒྲོབ་ཕྱོགས་ལྷུང་དེ་རྣམས་གཉིད་བྱོས་ཤིག །གཉིས་པ་ཕུང་ཁམས་སྐྱེ་མཆེད་མ་སྨིན་པ་སྨིན་པར་བྱེད་པའི་དབང་ལུང་རྗེས་གནང་ཐོབ་ཚུལ་ལ་གཉིས་ཏེ། སྔགས་གསར་མ་དང་རྙིང་མའོ། །དང་པོ་ལ། རྣམ་གྲངས་ཀྱི་སྒོ་ནས་བརྗོད་ན། བསྟན་པ་རིན་པོ་ཆེའི་ལུས་ཡོངས་སུ་རྫོགས་པ་དཔལ་ལྡན་ས་སྐྱ་པ་ནས་བརྒྱུད་པ་དང༌། བྱང་ཆུབ་སེམས་ཀྱི་རླན་གྱིས་འགྲོ་རྒྱུན་ཐར་ལམ་དུ་ཁྲིད་པར་མཛད་པ་ཇོ་ བོ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པ་དང༌། སྒྲུབ་བརྒྱུད་ཆུ་བོའི་རྒྱུན་ལྟར་ལས་འོངས་པ་མར་པ་མི་ལ་ནས་བརྒྱུད་པ་དང༌། འོད་གསལ་ཆོས་སྐུའི་དབྱིངས་ལས་གཟུགས་སྐུ་ཐིག་ལེར་བཞེངས་པ་མཁས་གྲུབ་ཁྱུང་པོ་ནས་བརྒྱུད་པ་དང༌། རྗེ་བཙུན་དབྱངས་ཅན་ལྷ་མོས་རྗེས་སུ་བསྐྱངས་པའི་པཎ་ཆེན་བོ་དོང་པ་ནས་བརྒྱུད་པ་དང༌། རྒྱལ་བའི་ལུང་བསྟན་ཀརྨ་རབས་བདུན་ནས་བརྒྱུད་པའི་དབང་དང༌། གཉིས་པ་ལ་ཡང་བཀའ་མ་དང་གཏེར་མ་གཉིས་ཡོད་པ་ལས། དེ་རྣམས་ལའང་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་དེ། རྒྱུད་སྡེ་འོག་མ་སོགས་བསམ་གྱིས་མི་ཁྱབ་པ་འདུག་པ་རྣམས་སོ་སོར་བཀོད་ན་མངས་པས་འཇིགས་ཏེ་འདིར་རྟོགས་སླ་བའི་ཕྱིར་ཕྱོགས་གཅིག་ཏུ་བརྗོད་ན། རང་ལོ་རྩ་དགུ་པ་ནས་ལོ་བཞིའི་བར་ཆོས་གྲ་དེ་ཉིད་དུ་དམ་པ་གཉིས་ཀྱི་དྲུང་དང་མྱུག་སོགས་སུ་དགེ་སྦྱོར་གང་འཕེལ་དང་སྣང་ཟོས་གང་བདེ་བྱས་བསྡད། རང་ལོ་སོ་གསུམ་པ་ལུག་ལོ་ཟླ་བ་བཞི་པའི་གནམ་གང་ལ་དྲིན་ཁྱེར་ཐབས་མ་མཆིས་པའི་པཎ་ཆེན་ཆོས་ཀྱི་རྒྱལ་པོ་གྲགས་པ་ཐོགས་