R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༧༧
[A:༡༧༧]ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཆུ་ཆེན་མོ་ལས་བཤད་པ་ལྟར་སློབ་མ་དབང་བསྐུར་བའི་དབང་སྟེགས་ཐུན་མོང་མ་ཡིན་པ་སློབ་བཤད་ཀྱི་དབང༌། བར་དུ་ལམ་གྱི་དབང༌། ཐ་མ་འབྲས་བུ་ལ་མཚམས་སྦྱོར་བའི་དབང་སྟེ་ཡབ་བཀའ་དང༌། རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྒྱུ་དུས་ཀྱི་དབང༌། གསང་དབང་གི་ལམ་བདག་བྱིན་རླབས་ཀྱི་འཁྲིད་ཀྱི་ཐོག་མར་ནང་གི་བདག་མེད་མ་གཏུམ་མོའི་དྲོད་བསྐྱེད་པའི་སླད་དུ་བདག་མེད་ལྷ་མོ་བཅོ་ལྔའི་སིནྡྷུ་རའི་དཀྱིལ་འཁོར་ཆེན་པོ་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་སྟེ་ཡུམ་བཀའ་དང༌། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་འཁྲིད་ཕྱི་ནང་གི་བྱིན་རླབས། རྣལ་འབྱོར་དབང་ཕྱུག་གི་བྱིན་རླབས་ཐུན་མོང་དང་ཐུན་མོང་མ་ཡིན་པ། བརྡ་སྟོན་གསལ་བའི་བྱིན་རླབས། བླ་མ་རིན་འབྱུང་གི་བྱིན་རླབས། ཚར་གསུམ་ཁུག་པའི་བྱིན་རླབས། རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་དང༌། དེ་དག་གི་རྒྱབ་རྟེན་ཟབ་ཅིང་རྒྱ་ཆེ་བ་རྒྱ་བོད་ཀྱི་རྒྱུད་རྒྱ་གཞུང་བསྟན་བཅོས་རྣམས་ཀྱི་ལུང༌། ཚད་མ་རྣམ་བཞིའི་སྐབས་སོ་སོར་ཐུན་མོང་དང་ཐུན་མོང་མ་ཡིན་པ། བོད་ཡུལ་གྱི་མཁས་པ་དང་གྲུབ་པའི་སྐྱེས་ཆེན་རྣམས་ཀྱི་བཞེད་ལུགས་ཐ་དད་དུ། གླེགས་བམ་ཆེ་འབྲིང་ཆུང་གསུམ་བཅུ་གཉིས་ཀྱི་ལུང་བརྒྱུད་པ་འདི་དང་འདི་ནས་བརྒྱུད་སོགས་ཐོབ་ཅིང༌། འདི་ཐོས་ཕྱིན་ལམ་ཟབ་ཟབ་གཞན་ལ་ཡིད་སྨོན་མེད་པའི་བཞེད་ཅིག་གདའ། དེ་ནས་རང་ལོ་སོ་བཞི་པ་ནས་བཟུང་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་སྤྱི་མེས་གསང་ཆེན་དམ་པ་ཆོས་ཀྱི་འབྱུང་གནས་མདོ་རྒྱུད་མ་ལུས་པའི་གླེགས་བམ་རྗེ་བཙུན་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་