[A:༡༨༡]བརྟེན་པ་དང༌། དཔལ་ཕྱག་ན་རྡོ་རྗེ་ཨུ་ཙརྻའི་རྗེས་གནང་རིག་གཏད་དང་དྲག་པོའི་མེ་དབང་དང་བཅས་པ། རྒྱུད་ལེའུ་དགུ་པ། བཅུ་དྲུག་པ། ཉེར་ལྔ་པ་སོགས་རྒྱ་གཞུང་བསྟན་བཅོས་མང་པོའི་ལུང༌། འཁོར་ལོ་ཆེན་པོའི་རྩ་རྒྱུད་བཤད་རྒྱུད། དེ་དག་གི་དགོངས་འགྲེལ། འགྲེལ་པ་རྡོ་རྗེའི་མྱུ་གུ་སོགས་གསུང་རབ་ཇི་སྙེད་པའི་ལུང༌། གཞན་ཡང་ཕྱག་རྡོར་ཆེ་བ་རྣམ་པ་བརྒྱད་ཀྱི་རང་གཞུང་སོ་སོའི་རྒྱ་བོད་ཀྱི་བསྟན་བཅོས་མ་ཚང་བ་མེད་པའི་ལུང་སོགས་ཚིག་དོན་ལག་ལེན་ཕྲ་རགས་ཀུན་ལ་ཡིད་ཆེས་མ་རྙེད་བར་དུ་སྦྱངས་ཤིང་ཐོས་སོ། །ཨ་ཧོ་རྩ་བརྒྱུད་རབ་འབྱམས་ཀྱི་སྤྱི་གཟུགས། །ཕུལ་ཕྱིན་ཟས་གཙང་གི་སྲས་པོ། །ཇི་སྙེད་དཀྱིལ་འཁོར་གྱི་རིགས་བདག །གར་མཁན་མཁྱེན་བརྩེ་ཡི་དབང་པོ། །རབ་འབྱམས་རྒྱལ་བ་ཡི་དཀྱིལ་འཁོར། །གྲངས་མེད་ཐོས་པ་འདི་བསམས་ཚེ། །ལན་བརྒྱར་ཐལ་སྦྱར་གྱི་འདབ་འཕྲེང༌། །བཅུ་གསུམ་ས་ལམ་གྱི་གོ་འཕང༌། །མ་རེག་བར་དུ་རང་འདོད་དོ། །ཆོས་ཕུང་བརྒྱད་ཁྲི་ཡི་བཞི་སྟོང༌། །རྒྱ་བོད་པཎ་གྲུབ་ཀྱི་ཞལ་བཅུད། །ཡོངས་རྫོགས་བདག་བློ་ཡི་བུམ་བཟང༌། །མ་ལུས་ཁེངས་པ་ཡི་འབྲས་བུ། །སྐལ་ལྡན་བློ་གསལ་གྱི་རེ་འདོད། །སྲིད་མཐར་སྐོང་བ་འདི་ངོ་མཚར། །གཞན་ཡང་དཔལ་ལྡན་ས་སྐྱ་པའི་ཡབ་མེས་ཀྱི་ཕ་ཆོས་གསང་སྔགས་སྔ་འགྱུར་གྱི་སྙིང་པོ་ཡང་ཕུར་ཞེས་ཉི་ཟླ་ལྟར་གྲགས་པ་ལས། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ །ཡང་དག་ལྔ་བཅུ་རྩ་བརྒྱད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐུན་མོང་གི་དབང་བཞི་དང༌། ཐུན་མོང་མ་ཡིན་པ་ཟླ་གམ་གཅིག་པའི་དབང་དང༌། དཔལ་རྡོ་རྗེ་