R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༨༤
[A:༡༨༤]བཞིས་བསྐོར་བ་རྣམས་ཀྱི་དབང་རས་བྲིས་ལ་བརྟེན་པ་དང༌། དེ་དག་གི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཟབ་མོ་རེ་དང་བཅས་མ་འདྲེས་ལ་ཡོངས་སུ་རྫོགས་པ་དང༌། མངོན་དཀྱིལ་ལས་ཚོགས་ཡི་གེ་མང་པོའི་ལུང༌། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་ཐུགས་དམ་གྱི་སྙིང་པོ་དམར་མོ་སྐོར་གསུམ་ལ་པཎ་གྲུབ་ཆེན་པོ་ནཱ་རོ་ཏ་པས་བཀྲལ་བའི་ནཱ་རོ་མཁའ་སྤྱོད་ཅེས་ཉི་ཟླ་ལྟར་གྲགས་པའི་སིནྡྷུ་རའི་དཀྱིལ་འཁོར་ཆེན་པོར་སློབ་བཤད་ཀྱི་བྱིན་རླབས་ཟབ་མོ་དང༌། སྒྲུབ་ཐབས་ནཱ་རོ་པས་མཛད་པ་སོགས་དང༌། ཡབ་དང་ཐུན་མོང་བའི་འཁྲིད་ཡིག་རྗེ་བཙུན་གྱིས་མཛད་པ་སོགས་མཁའ་སྤྱོད་སྒྲུབ་པ་ལ་རྒྱ་བོད་ཀྱི་ཡི་གེ་མ་ཚང་བ་མེད་པའི་ལུང༌། རྒྱལ་ཆེན་ཨིནྡྲ་བྷཱུ་ཏིས་བཀྲལ་བའི་ཨིནྡྲ་མཁའ་སྤྱོད་དམ། ཕག་མོ་ཞལ་གཉིས་མའི་བྱིན་རླབས་སིནྡྷུ་ར་ལ་བརྟེན་པ་དང༌། ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་བྱིན་རླབས། བླ་མ་དཔྱལ་ལོ་ཙཱ་བའི་ཁྱད་ཆོས་རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མ། དབུ་བཅད་མ། དོན་གྲུབ་མ་རྣམས་ཀྱི་བྱིན་རླབས་ཟབ་མོ་རེ་དང་ཕག་མོ་ཤེས་རབ་སྣང་བའི་སིནྡྷུ་རའི་དཀྱིལ་འཁོར་དུ་བྱིན་རླབས། ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་གསུངས་པའི་རྡོ་རྗེ་རྣལ་འབྱོར་མ་ལྷ་མོ་སུམ་ཅུ་སོ་བདུན་མའི་དབང་རས་བྲིས་ལ་བརྟེན་པ་དང༌། དེ་རྣམས་རང་རང་གི་སྒྲུབ་ཐབས་ལས་ཚོགས་པོད་ཆུང་རེ་རེའི་ལུང༌། ཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འབྱུང་བ་དམར་པོ་སྐོར་གསུམ་བཞེད་པ་མི་མཐུན་པ་མང་དུ་འདུག་མོད། འདི་བར་བརྒྱུད་པའི་གཙོ་བོ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་ཡབ་སྲས་ཀྱི་དགོངས་པ་ལྟར་རྗེ་བཙུན་རིགས་བྱེད་མ། ཁྲོ་བོ་འདོད་པའི་རྒྱལ་པོ། །ཚོགས་བདག་བགེགས་ཀྱི་རྒྱལ་པོ་གསུམ་ལ་བཞེད་ལ། དེ་ལ་དཔལ་ཀྱེ་རྡོ་རྗེའི་རྩ་བཤད་ཀྱི་རྒྱུད་དང༌།