[A:༡༥༧]ངོ་མ་ཟློག་བར། འགའ་ཞིག་གི་ངོར་ཆེ་ལོང་ཙམ་ཞིག་སྨྲས་པ་ནི། ཨེ་མ་ཧོ། ཁོ་བོ་མེ་མོ་ཕག་ལོར་སྐྱེས་པ་ནས་བཟུང༌། ད་ལྟ་བདུན་ཅུ་དོན་བདུན་གྱི་བར་གྱི་དགའ་བ་དང༌། སྐྱོ་བ་དང༌། བཏང་སྙོམས་ལ་སྡོད་པའི་བར་གྱི་གླེང་མོ་བརྗོད་ན། དགའ་བར་བསམ་ན་ཅི་བྱ་ལ་འདས། སྐྱོ་བར་བསམས་ན་སྙིང་ཆུ་མིག་ངར་ཟགས། བཏང་སྙོམས་ལ་བསམས་ན་དགོད་བྲོ། དེ་ཡང་རེས་འགའ་ནི་རྒྱལ་ཁམས་ཆུ་བཞིན་དུ་མྱུལ། རེས་འགའ་ནི་ཞག་ཟླ་ལོ་སྦྲེལ་ནས་ཉལ། རེས་འགའ་ནི་གཞན་ཕན་དུ་མིང་བཏགས་པའི་འདི་ཡིན་མེད་པའི་ཟར་ཟིར་དང་ཟ་འཆག་ཁོ་ནར་ལུས། ད་བསམ་རྒྱུ་ནི་རང་དབང་ཐོབ་པའི་གནས་ཤིག་ཏུ་རང་སེམས་ལས་མེད་དུ་གཅིག་པུར་གནས་ཏེ། འཆི་བའི་གྲོགས་པོ་མཛའ་བཤེས་ཁོ་སྒུག་སྙམ་ཀྱང། དད་ལྡན་གྱི་ཞིང་ས་ལ་བྱིན་རླབས་སྐྱོན་བྲལ་གྱི་ས་བོན་བཏབ། སྙིང་པོ་འབྲས་བུ་དོན་དུ་འགྱུར་ལ་རེ་འདི་ལྟར་རོ། །སྔོན་རབས་བྱོན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་མཛད་པར། འདས་མ་འོངས་ད་ལྟར་གྱི་མཛད་ཚུལ་བརྗོད་དུ་མ་མཆིས་པ་ཞིག་ཡོད་བཞིན་གདའ་སྟེ། བདག་ལྟ་བུའི་བླུན་པོ་ལ་ནི། འདས་མ་འོངས་གཉིས་ནི་གང་འདྲ་ཡིན་དང་ཅི་འདྲར་འགྱུར་ཞུ་ཚོད་ཐིངས་པ་ཡེ་མེད། ད་ལྟའི་གནས་ཚུལ། རང་གི་སྤྱོད་པ་ཞི་དྲག་ཅི་བྱེད་ཐམས་ཅད་ཀྱི་སྔོན་དུ་གྱུར་པ་འདི་ཀ་མ་གཏོགས། གཞན་མ་ཡི་གེའི་རིགས་སུ་བཀོད་རྒྱུ་ཡེ་མེད། འོན་ཀྱང་གང་སྨྲས་ཀུན་ཤུགས་ཆེ་བ་དང༌། གང་བྱུང་སྦ་གསང་མེད་པར་ཐམས་ཅད་ཀྱི་སྔོན་དུ་སྨྲས་གཏོང་བ་བདག་རང་གི་སྲོལ་རང་བྱུང་བཅོས་སུ་མེད་པ་ཡིན་ཞིང༌། དོན་ལ་མཐར་ཐུག་ཆོས་ཀྱི་བློ་ཕུགས་སྤྲང་ལ་གཏད་ཡོད་པས།