R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༡༢
[A:༢༡༢]དཔག་མེད་དངོས་གྲུབ་འབྱུང་བའི་སྒོ་གཅིག་བསོད་ནམས་དཔལ་འབྱོར་ཁྱོད་ཀྱི་ད་དུང་སྐྱོངས། །གནས་ལྔ་མཐར་ཕྱིན་མཁས་པའི་གཙུག་རྒྱན་གྲགས་པ་ཐོགས་མེད་དྲིན་ལས་ཕྱི་ནང་བདུད་ལས་རྒྱལ། །ད་ནི་གང་ལྟར་བྱས་ཀྱང་དམ་པ་རྣམ་གསུམ་དྲིན་ལས་ད་ལྟའི་དུས་ན་སྤྲང་པོ་བསོད་ནམས་ཆོས་འཕེལ་སྐྱིད། །རང་ལོ་སོ་གསུམ་པ་ལུག་ལོ་ཤངས་ཡུལ་སྐྱིད་པའི་བྱ་འདབ་གཡས་རུ་སྨྱུག་གི་ཡང་དབེན་དཔལ་སྦུག་རྣམ་པར་གྲོལ་བའི་རི་ཁྲོད་དུ་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་གསུང་ངག་རིན་པོ་ཆེ་སློབ་བཤད་ཚུགས་ཏེ། རྗེ་བཙུན་རིན་པོ་ཆེ་མཁྱེན་བརྩེའི་ཞབས་དྲུང་གིས་དབུ་མཛད་སྐལ་པ་བཟང་པོའི་མཆེད་པོ་བཅོ་བརྒྱད་ཀྱིས་བླ་མ་བདུན་གྱི་བར་ལ་གནད་དུ་བསྣུན་ནས་གཞི་བསྙེན་བྱེད་ལུགས་ལ་ཉི་མ་ལྔ་ཙམ་གྱི་བར་ལ་ནན་ཏན་ཆེན་པོས་དཔྱིས་ཕྱིན་པ་བློ་ཡུལ་དུ་ངེས་པར་བྱས་ཏེ་ཟླ་བ་བཅུ་གཅིག་པའི་ཚེས་གསུམ་ལ་གྲོལ། དེ་ནུབ་རང་ལ་འདི་སྣང་གི་བྱ་བ་ཐམས་ཅད་ཆུ་ཤིང་གི་སྡོང་པོ་ལྟར་དུ་འདུག་པ་རྒྱབ་ཏུ་བོར་ནས། གཞི་བསྙེན་གྱི་མཚམས་ལ་རང་གི་བསམ་གཏན་ཁང་བུར་བཅད་རྒྱ་ཤིན་ཏུ་དམ་པར་བྱས་ནས་ཟླ་བ་བདུན་གྱི་ཁོངས་སུ་བོགས་འབྱིན་པའི་ཞི་བའི་སྦྱིན་སྲེག་དང་བཅས། ཡོངས་འཛིན་རྡོ་རྗེ་འཆང་ཚར་ཆེན་ཆོས་རྗེའི་དྲིན་ལས་བགེགས་མེད་དུ་མཐར་ཕྱིན། དེའི་དུས་ཟླ་བ་གཉིས་སོང་བའི་ཆོ་འཕྲུལ་ཆེན་པོའི་ཚེས་ལྔའི་ཉི་མ་ཤར་ལྷོད་ཙམ་ལ་གཉིད་དུ་སྲིབ་ཙམ་སོང་འདུག་པའི་རྨི་ལམ་ན། སྔར་མཇལ་བ་ནི་ལྟ་ཅི་སྨོས་མཚན་ཐོས་པ་ཙམ་མིན་པ་མིག་གིས་མཐོང་ཡང་ཡེ་མ་མྱོང་བའི་བླ་མ་ཅུང་ཟད་བགྲེས་ཉམས་པ་སྐུའི་ཟིལ་ལྟ་བར་མི་བཟོད་པ་དབུ་གཙུག་དབུ་ལོ་དང་བྲལ་བ། ལྷ་རྫས་ཀྱི་ཆོས་གོས་རྣམ་པ་གསུམ་དང་ལྡན་པ་ཞལ་ཁྲོ་འཛུམ་དགྱེས་