[A:༢༡༨]ཞེས་ས་སྐྱ་གོང་མ་ནས་ད་ལྟའི་བར་དུ་སྐལ་བ་ཅན་རེ་རེ་ལ་བཞུགས་པ་འདི་ལགས། ལས་སླ་དང་ཚོད་ཡོད་དང༌། མགྱོགས་ཆས་དང་སྤོམ་ཡོར་དང༌། ཟོལ་ཟོག་གི་ལུགས་ཐམས་ཅད་སྤངས་ནས་མ་བསྲེས་པས་ན་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུའི་སྦས་དོན་སྙན་བརྒྱུད་འབའ་ཞིག་ཏུ་བཞུགས་ཏེ་སྐལ་བ་བཟང་པོའི་སློབ་བུ་གཅིག་བརྒྱུད་ཁོ་ནར་བཞུགས་པ་ལགས་སོ། །མ་སྐྱེས་རྒྱུད་ལ་ཡོད་པའི་ས་བོན་ལ། །དབང་བཞིའི་མན་ངག་ཆུ་ལུད་མཚམས་སྦྱར་བས། །སྐྱོན་དང་བྲལ་བ་ཉམས་མྱོང་མྱུ་གུ་རྒྱས། །བདེ་ཆེན་ལོ་ཏོག་འབྲས་བུ་ཡེ་ཤེས་སྨིན། །འཁྲུལ་མེད་རྒྱུད་རྒྱལ་ཀེ་ལ་ཤ་ཉིད་ལ། །ལོག་ཏོག་སྤྲིན་གྱིས་མ་སྒྲིབ་ཚ་ཟེར་དྲན། །མོས་གུས་བྱང་ཆུབ་སེམས་ཀྱི་ཆུ་ཀླུང་ལས། །འོངས་པའི་བཀའ་བབས་བཞི་སོགས་ཟབ་མོའི་དོན། །ད་ལྟ་སྤྲང་བཙུན་སྨྱོན་པའི་ཉམས་ལེན་ཡིན། །སྙན་བརྒྱུད་སྦས་དོན་གཞན་གྱིས་མ་ཐོས་པས། དེང་གི་དུས་ན་ཟབ་དོན་འདི་ཉིད་ལ། །རྟོག་གེའི་གཟོ་འདོད་ཡོད་ཀྱང་དོན་མ་རྟོགས། །ཐུན་མོང་གདམས་པས་བློ་གྲོས་ངོམས་པར་མཛོད། །གཞན་ཡང་རང་ལོ་ཉེར་བཞི་པ་ལ་འདུལ་འཛིན་དབང་པོ་དགེ་འདུན་ཉི་མའི་དྲུང་དུ་གསུང་ངག་རིན་པོ་ཆེ་ཚོགས་བཤད་ལན་གཅིག་དང༌། ཚར་ཆེན་ཡབ་སྲས་ཀྱི་དྲུང་དུ་སློབ་བཤད་ལན་གཉིས་དང་ཚོགས་བཤད་ལན་གཉིས་ལམ་འདིའི་ཕྱོགས་ལ་དམ་པ་གསུམ་གྱི་དྲིན་ལས་ལམ་སྐོར་ཕྱི་མ་དང་བཅས་པ་ལན་ལྔ་ཐོས་ཤིང་སྦྱངས་པས་རང་རྒྱུད་ཀུན་གཞིའི་ཕུང་ཁམས་རིན་ཅེན་རོལ་པར་བྱས་ཏེ་ཞི་དུལ་འབྲས་བུ་ཕྱུག་ཅིང་སུ་ལའང་རེ་བ་དང༌། སྨོན་མི་དགོས་པ་ཆོས་འདིའི་བདག་པོ་ལས་ཆེས་ལྷག་པ་ཞིག་ལགས་སོ། །བྱང་ཕྱོགས་ཁ་བའི་