[A:༢༣༣]མ་བྱུང༌། དབང་སྡུད་ཀྱི་དམིགས་པ་ཁམས་དང་གཞན་ཞིག་འཕོས་ཏེ་བྱས་པས། གང་བསམས་དེ་ཉིད་འཕྲལ་དུ་སྔོན་དུ་གྱུར་པ་ཞིག་བྱུང་བ་འོག་ཏུ་འཆད། ཐོག་མར་བསྙེན་པའི་ལྷ་བདེ་མཆོག་ནས་གསུངས་པའི་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་ཧཱུཾ་བཞི་པ་ལ་ཟླ་བ་བཞི་མཚམས་བྱས། མཚམས་ནང་དེ་ཉིད་དུ་ཞབས་དྲུང་ཕེབས་བྱུང༌། ཡང་རྒྱལ་དང་ཕུར་བུ་འཛོམ་པའི་ཉིན་ཕྱག་བྲིས་མཛད་ནས་ཚོགས་བདག་གི་སྐུ་ཐང་གོང་གཤམ་ཟླ་གམ་ཞལ་སྤྲོད་ཀྱི་དཀྱིལ་འཁོར་གཏོར་མ་བཤོམ་ལུགས་ཀྱི་དཔེ་ཆུང་དང་ཕྱག་ནས་ཚུན་གྲུབ་པ་མཛད་ནས་གནང༌། དེ་ནུབ་ནས་གཟའ་སྐར་དང་བསྟུན་ཚོགས་བདག་ལ་བསྙེན་པ་ཞག་ཉེར་གཅིག་བྱས་གེགས་མེད་དུ་མཐར་ཕྱིན། ཐུན་མོང་མ་ཡིན་པའི་བྲིས་སྐུས་གཙོས་པའི་རྟེན་རྫས་དེ་རྣམས་ཕྱིས་སུ་རྗེ་བཙུན་དབོན་རིན་པོ་ཆེའི་ཕྱག་ཏུ་རྟེན་འབྲེལ་བསྒྲིག་པའི་ཕྱིར་དུ་ཕུལ། དེ་བཞིན་ལེགས་ཚོགས་གོང་འཕེལ་དུ་སོང༌། ལར་བསྙེན་པ་གང་བྱས་ཀྱང་གེགས་ཀྱི་རྣམ་པ་གང་ཡང་འོང་མ་མྱོང་བ་དང༌། ལྷག་པར་འགབ་འདྲེ་གནོན་པ་སོགས་ཀྱང་མ་བྱས། གང་ལྟར་ངེད་རང་ཚོའི་བརྒྱུད་པ་འདི་ལ་བརྒྱུད་འཛིན་ཐུན་མོང་མ་ཡིན་པ་བདུན་ཚུན་ལ་ཚོགས་བདག་གི་བསྙེན་པ་བྱེད་ན་འགབ་འདྲེ་གནོན་མི་དགོས་པའི་ཞལ་བཞེས་རྡོ་རིང་རིན་པོ་ཆེས་མཛད་འདུག་པས་འདི་གཅིག་པུའི་སྐུ་དྲིན་ལ་ཁྱེར་བའི་ཐབས་མ་མཆིས་སོ། །བརྒྱ་ཕྲག་འཚོ་བའི་ལུས་བླངས་དཔག་མེད་ཀྱི། །དུས་ཀུན་ལུས་སྲོག་འབྱོར་ཚོགས་མ་ལུས་ཀུན། །གྲངས་མེད་གཅིག་ཏུ་བསྡོམས་ནས་ཕུལ་ན་ཡང༌། །དྲིན་ལ་ཁྱེར་ཐབས་བྲལ་ལོ་མཁྱེན་བརྩེའི་དབང༌། །ལུགས་གཉིས་འདོད་