[A:༢༣༤]དགུའི་དྲིན་གྱིས་དུས་ཀུན་བསྐྱངས། །ཕྱི་ནང་རྟེན་འབྲེལ་མ་ལུས་ཁྱོད་ཀྱིས་བསྒྲིགས། །ཁམས་གསུམ་སྲིད་ཞིའི་རྒྱལ་སྲིད་མི་ཟད་པ། །འཕྲལ་དང་ཡུན་གྱི་དགེ་མཚན་དུ་མ་ཀུན། །ནམ་མཁའི་མཛོད་བདག་གླང་ཆེན་གདོང་པ་ཅན། །བཅུ་གཉིས་ཕྱག་གི་དཔལ་འབྱོར་རྒྱས་པར་སྤེལ། །བདེན་གཉིས་དོན་མཚོན་ཞབས་འོག་ནེའུ་ལེ། །ནོར་བུའི་འཕྲེང་བ་མ་ཆད་རྟག་ཏུ་སྐྱོངས། །དེ་ལོ་རྗེ་བཙུན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་ཆོས་དབྱིངས་སུ་ཕེབས། བདག་ཅག་ལྟོས་བཅས་ཀྱི་དཔོན་སློབ་རྣམས་ཀྱིས་གསོལ་འདེབས་ལ་ཡོངས། བདག་གིས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་བའི་སློབ་དཔོན་གྱི་ཚུལ་བྱས། ཞབས་དྲུང་ཚོགས་ཆེན་གྱི་དབུ་ལ་ཕེབས། བསྟན་པ་ལ་རྟེན་འབྲེལ་བསྒྲིག་པའི་ཕྱིར་ལེགས་ཚོགས་འགྲན་པའི་ཁུངས་བྱས་ཀྱང་བསྟན་པ་ཉམས་འགྲོ་བའི་རྟགས་ཀྱིས་དོན་རྣམས་མ་འགྲིག་པ་ཞིག་བྱུང༌། དེ་ནས་རང་ལོ་ཞེ་གཅིག་པ་ཡོས་ལོ་གྲང་ཆེན་ནས་ཞབས་དྲུང་དུ་འདོད་ཆོས་ཞུ་མི་རྗེ་བཙུན་བླ་མའི་བུ་སློབ་དགེ་བའི་བཤེས་གཉེན་ཁ་ཡར་བྱོན་པ་རྣམས་ལ་མགོན་པོ་ཆེ་ཆུང་གི་ཕྱི་ནང་གསང་གསུམ་གྱི་འཁྲིད་དབང་ལུང་རྗེས་གནང་དང་བཅས་པ། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་འཁྲིད་ཚུལ་གཉིས་དང་དེས་མཚོན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་ཟླ་བ་དང་པོའི་ནང་དུ་དཔལ་གྲང་མོ་ཆེ་ནས་བཤེས་གཉེན་མང་པོ་སྐུ་གཞོགས་ལ་བྱོན་འདུག་པ་རྣམས་ལ་ཆོས་འདོད་ཀྱི་དབུལ་བ་བསལ་བ་དང༌། ལྷག་པར་དགེ་སློང་འོད་ཟེར་བ་དང་བདག་ཉིད་ལ་ཐུན་མོང་མ་ཡིན་པའི་ཟབ་གནད་ཀྱི་གསུང་གི་བདུད་རྩི་དུ་མ་ཞིག་གནང༌། དེ་ནས་ཟླ་བ་ལྔ་པའི་