R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༣༦
[A:༢༣༦]བརྒྱན་པའི་གཟི་བརྗིད་ལྟ་བར་མི་བཟོད་པ་ལྟ་བུ་ཞིག་འདུག་པ་དེ་བདག་གི་རྩར་རྒྱངས་ཏེ་མཆོངས་བྱུང་བས། བྲེད་དངངས་ཤིན་ཏུ་ཆེ་བ་ཞིག་གི་ངང་ལ་ལག་ན་སྔགས་འདྲེན་པའི་འཕྲེང་བ་རཀྴ་འཇིགས་སུ་རུང་བ་དེ་འཕྱར་ནས་སྐྱོན་པས། མདུན་གྱི་ཞལ་བ་ལ་ཅག་སྒྲ་དང་བཅས་པས་ཕོག་བྱུང་བས་གཉིད་ཀྱི་རྣམ་པ་དེ་ཧད་དེ་སང་བྱུང་བ་ནས། སྤྲེའུ་ནི་མཐོང་ས་ན་མི་འདུག །ཞབས་དྲུང་དེ་ལྟ་བུ་ནི་མ་བཞུགས། རྨི་ལམ་ཡང་དེ་འདྲ་བ་ལས་གང་ཡོང་འཁྲུལ་པ་རྒྱ་འབྱམས་པས་ལན་མོད། གང་ལྟར་རྒྱ་འདྲེ་མ་རུངས་པ་དྲག་ཤུལ་ཅན་ཞིག་ནི་ཡིན་པ་འདུག །ད་སྔ་ཡན་དུ་འདྲེ་གདོན་གྱི་གཙེས་པ་ཡོང་ཡེ་མ་མྱོང་ཞིང༌། ལྟོས་བཅས་ཀྱི་སྐྱེ་འགྲོ་གང་དེ་ལ་ངེད་རང་གི་སྲུང་བའི་སྦྱོར་བ་བྱས་པ་ཀུན་ལ་གནོད་པ་མི་ཡོང་ཞིང༌། བགེགས་གང་ཡིན་དེ་ལས་འཕྲལ་དུ་གྲོལ་བ་ནི་ཀུན་གྱི་མིག་སྔར་ཕེབས་པ་འདི་ལགས། ལར་འཛམ་གླིང་ཆོས་ཀྱི་ཉི་མ་དེ་ཉིད་བདེ་སྐྱིད་ཀྱི་དཔལ་འཕྲོག་པའི་ཕྱིར་དུ་ཞིང་འདི་ཉིད་མུན་པའི་གླིང་དུ་བྱས་ནས་ཆོས་སྐུའི་དབྱིངས་སུ་ཕེབས། རྟག་འཛིན་ཅན་གྱི་ཞེན་པ་བཟློག་པའི་ཕྱིར་དུ་མེ་ཏོག་གི་ཆར་ཉིན་མཚན་སྦྲེལ་ནས་ཁ་བ་བབས་པ་ལྟར་མཛད་ནས་གཤེགས། རྗེ་བཙུན་ཉིད་ཀྱི་ཡེ་ཤེས་ཀྱི་གཟིགས་པ་དམ་པ་རྒྱུན་མི་འཆད་མངའ་བ་ལོས་ཡོད། ལས་ངན་ཅན་བདག་ཅག་རྣམས་ཚོགས་གཅིག་ཏུ་འདུས་པའི་དུས་འདིར་ཁྱེད་ཀྱི་ཐུགས་རྗེས་གཏོང་བ་ཕོད་པ་སྙམ་དྲན་མེད་དུ་བརྒྱལ། ཡང་དྲན་པ་གསོས་ཙ་ན་བསམ་བཞིན་མཆི་མ་ནི་རི་གཟར་གྱི་ཆུ་ལྟར་དུ་འབབ། ལག་པའི་ཐལ་མོ་ནི་མགར་བའི་ལྕགས་ཐོ་ལྟར་བྲང་ལ་འཐབ། ཀྱེ་ཧུད་ཁྱོད་སྐུ་མཐོང་བ་དང་