R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༣༨
[A:༢༣༨]ཤིག་བྱས། དེ་བར་ལ་ཨཱ་ཙརྻ་ཟེར་བའི་ཕྱག་གཡོག་ངན་པ་དམ་པ་ཉིད་ལ་ཡང་ལོག་སྒྲུབ་དང་སྐུར་ཞུས་ཁོ་ན་བྱེད་པ་ཞིག་བདོག་པས། ཁོ་རང་གིས་མཆོར་ཡབ་འདྲ་མོ་ཞིག་བྱས་ཁ་ངན་གྱི་དགྲ་གཡབས། གནས་གསར་ནས་ཀྱི་སྐུ་གསུང་ཐུགས་ལ་ཕོག་པའི་རྣམ་པས། ཁོ་ནི་རང་སྲོག་རང་གིས་བཅད་དེ་ཚེའི་དུས་བྱས། དེ་འདྲར་བརྟེན་པའི་ང་ཡང་གནས་གསར་བའི་མི་ངོར་སོང་བ་ནས་གནས་ཚུལ་ངན་པ་དེའི་རྐྱེན་གྱིས་བདག་གིས་ཀྱང་མྱུག་ལ་ལོག་ཕ་རྒོད་སྐུ་དྲིན་ཅན་དེའི་སྐུ་གདུང་ཞུགས་ལ་འབུལ་བ་སོགས་ཀྱི་ཞབས་ཏོག་བྱས། ཤིང་སྐམ་རྩེ་འཛེགས་གྲོགས་ངན་ཤུགས་ཀྱིས་སྤུན། །གནས་དང་དམ་པ་གྲོགས་བཟང་དྲུང་ནས་ཕྱུང༌། །རང་ཡུལ་བདུད་ཀྱི་བཙོན་རར་ཡུད་ཙམ་བསྡད། །དུག་གསུམ་ཁ་རླངས་འབྱུང་བཞི་ལུས་ཉིད་ལ། །མ་རུངས་བཞི་བརྒྱ་རྩ་བཞིའི་ནད་ཀྱི་མཐའ། །དྲན་པས་གསོ་བ་འཇོམས་པའི་རྒྱུ་ལས་གྲོལ། །སྙིགས་དུས་བསྐལ་ངན་འཚོགས་པའི་ཞིང་ཁམས་འདིར། །ཆོས་ཀྱི་ཉི་མས་མུན་རུམ་ཁོ་ནར་བྱས། །ཀྱེ་ཧུད་སྙིགས་དུས་བསྟན་པ་ཉམས་པ་དང༌། །འགྲོ་ཀུན་སྐྱབས་དང་བྲལ་བས་སེམས་ཉིད་འཕྱོ། །ཨེ་མ་ཆོས་ཀུན་སྒྱུ་མར་སྟོན་པའི་འཇིགས་གཟུགས་ལ། །འཁྲུལ་པའི་སྣང་བས་གདོན་དུ་མནར་བ་དེ། །བལྟས་ན་རང་སེམས་ཆོས་སྐུར་སྟོན་པའི་གདའ། །ཡིན་པར་ངོ་ཤེས་སྐད་ཅིག་དེ་ཉིད་ལ། །བགེགས་དཔུང་དཔུང་ཆེན་ཕྱི་རོལ་གྲགས་པའི་གཟུགས། །གཟུགས་སྟོང་སྟོང་པར་སྟོན་པ་འབྲེལ་བའི་ལམ། །ལམ་མཆོག་མཆོག་གི་སྐྱབས་སུ་ཁྱོད་ཀྱིས་བསྟན། །བསྟན་པའི་མོད་ལ་ལ་མོར་མཁའ་སྤྱོད་གཤེགས། །དེ་ནས་རང་ལོ་ཞེ་བཞི་པ་རྟ་ལོ་བོ་དོང་ལ་ཡོང་དགོས་གསུངས་ནས་རྟ་