R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༣༩
[A:༢༣༩]བསུ་ཕྱག་དམ་ནན་ཆགས་དང་བཅས་ཕེབས་བྱུང་བས་ཕྱིན། སླེབ་འཕྲལ་བྱང་གཏེར་གྱི་སྤྱན་རས་གཟིགས་ཉོན་མོངས་རང་གྲོལ་གྱི་སྒོ་ནས་སྐྱེ་བདུན་སྒྲུབ་པ་བྱེད་དགོས་གསུང༌། དེ་ལྟར་ཞག་བདུན་ཚུལ་བཞིན་དུ་བསྒྲུབས་པས་སྒྲུབ་གཞུང་ནས་བཤད་པའི་འཕེལ་རྒྱས་དང༌། བླ་མ་དམ་པའི་ཐུགས་རྗེའི་རྟགས་རབ་འབྲིང་ཆ་ཚང་ཙམ་བྱུང༌། མཁན་བསླབ་གསུམ་ནས་ཀྱི་དབུ་མཛད་པའི་དེར་འདུས་པའི་ཚོགས་ལ་སྒྲུབ་དབང་རྒྱས་པར་ཕུལ། དེ་ལོ་མཁན་པོའི་འོས་རིགས་འགའ་རེ་ཡོད་པ་འདུག་ཀྱང༌། ཞལ་ངོ་འགའ་ཞིག་གི་ཐུགས་བཞེད་དུ་སོང༌། བསླབ་གསུམ་ནས་ལ་མངའ་གསོལ་མཛད། བདག་ཉིད་ནི་རྒྱལ་ཁམས་སུ་སྣང་བ་གང་བདེ་བྱས་འདིར་སྣང་གི་དགོན་པ་དང༌། དཔོན་ལ་བརྟེན་པའི་བྱ་བ་ལས་རྗེ་བཙུན་ཐུགས་རྗེ་ཅན་དེ་ཉིད་ལ་སྙིང་ནས་གསོལ་བ་འདེབས་པ་ལ་དགའ་སྙམ་པའི་ཞེ་བཅད་ཐུན་མོང་མ་ཡིན་པ་བྱས། དགོན་གཞིས་ཀྱི་རེ་བ་བློ་ལས་འདས་ཀྱང་སྔོན་དུ་མཚམས་ཤིག་བྱས་པའི་དུས་ཁམས་ཀྱི་གདུལ་བྱའི་ཞིང་ཁམས་དང༌། འཛིན་དཀའ་ལ་ཕན་ཐོགས་ཆུང་བའི་སྟག་སྟེ་ཉིད་གོ་འཕོས་བྱས་པས་ལན་པ་འདྲ། ཞལ་ངོ་རྣམས་ཀྱི་བཀའ་ལུང་ཚ་དྲག་བཟློག་ཏུ་ཅུང་མ་སྤོབས་འཇམ་དབྱངས་འཁོན་གྱི་གདན་ས་སྟག་སྟེ་བླ་བྲང་བྱེད་དགོས་པ་བྱུང༌། གང་ལྟར་དེ་ནས་བཟུང་ལོ་བརྒྱད་ཙམ་བདག་བཟུང་བྱས། བྱ་ལོ་རྗེ་བཙུན་ཐུགས་རྗེ་ཅན་དེའི་དགོན་རྙིང་ཕྲ་བོ་ལ་ཞིག་གསོས་བྱས། གནས་དེར་སྡེ་པའི་སྐུ་རིམ་ལ་མཚམས་བྱེད་དགོས་བྱུང༌། བླ་མ་དྲག་པོའི་མཚམས་ལོ་གཅིག་བྱས་མཁན་དྲུང་གསུང་ངག་ཅིག་གནང་གིན་འདུག་པས་