[A:༣༥༢]ཅིང༌། བདེ་མཆོག་ནག་པོ་པ་དང༌། དཀར་འཁྲིད་ཀྱི་ཟིན་བྲིས་གནང་བའི་ཡིག་ཆ་ཡང་དག་པའི་རྒྱུན་ཡང་ཡོད་ལགས། གྲུབ་རིས་མཁས་གྲུབ་འགྱུར་མེད་བདེ་ཆེན་གྱི་ཞབས་དྲུང་དུ་དཔལ་དུས་ཀྱི་འཁོར་ལོའི་བདག་པོ་ཆེན་པོའི་དབང་ཡོངས་སུ་རྫོགས་པར་གསན་འདུག །མདོར་ན་བྱང་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཐུགས་གཏིང་ནས་མོས་པའི་སྟོབས་ཀྱི་ཕྱིས་ཆོས་རྒྱལ་དེ་ཉིད་བསྙུང་གཞི་དམ་པོས་བཅིངས་སྐབས་རྐྱེན་སེལ་གྱི་ཆོས་བཀའ་གསན་པར་བཞེད་ནས་སྤྱན་འདྲེན་བཀའ་ཐམ་ཡང་ཡང་བྱུང་འདུག་པར་དམ་པ་དེ་ཉིད་ཀྱིས་སྤྱིར་ཆོས་ཀྱི་རྒྱལ་པོ་ཁྱེད་བཀའ་དྲིན་ཅན་ཡིན་པས་ཕྱག་ཕྱི་སྒྲུབ་དགོས་རྒྱུར་འདུག་ནའང༌། མཚམས་འདི་དང་ཐུག་པའི་འགྲུབ་པ་ཞིག་ཀྱང་མ་བྱུང༌། ཕྱག་ཕྱི་དེ་ཡང་སྐུ་ཁྲུས་འབུལ་བ་སོགས་མཆོད་གནས་ཀྱི་ཚུལ་སྒྲུབ་པ་མ་གཏོགས། རྐྱེན་སེལ་གྱི་དབང་འབུལ་བ་སོགས་ཀྱི་བླ་མ་བདག་ལྟ་བུས་ཡོང་བའི་རིགས་མིན་ཞེས་ཞུ་བ་གནང་འདུག །དེ་ནི་སྐབས་དེ་རང་ཐུགས་ཆུང་བའི་དམན་ས་མཛད་པ་ལྟ་བུ་ལ་ཆོས་རྒྱལ་དེ་ཉིད་བསྙུང་གཞི་དེའི་མུ་ནས་མ་བཞུགས་འདུག་པས་མ་འོངས་པ་མཁྱེན་པ་ཁོ་ནར་འདུག་གོ །དེའི་གོང་དགོན་གསར་དུ་བཞུགས་པའི་སྐབས་ཤིག །ཤར་པ་ཤེས་རབ་འབྱུང་གནས། རྡོ་རྗེ་འོད་ཟེར། ཡེ་ཤེས་ཆེན་པོ། ཡེ་ཤེས་རྒྱལ་མཚན་སོགས་ས་སྐྱ་པའི་བསྟན་འཛིན་གྱི་སྐྱེས་ཆེན་རིམ་པ་བྱོན་པའི་དབོན་རིགས་ཡོངས་རྫོགས་བསྟན་པའི་མངའ་བདག་ཨེ་ཝཾ་ཆོས་ལྡན་རྡོ་རྗེའི་ཁྲི་ལ་ཞབས་སེན་འཁོད་པའི་མཁྱེན་རབ་དང༌། རྣམ་དཔྱོད་སྤོབས་པ་འཕྲིན་ལས་ཀྱི་འོད་དཀར་སྲིད་པ་གསུམ་ན་གཡོ་བ་བདག་ཆེན་ཀུན་དགའ་བཀྲ་ཤིས་