[A:༣༦༨]བར་བྱེད་པ་ཀུན་མཁྱེན་གོ་རམས་བསྟན་པའི་ཉི་མ་ཆོས་ཀྱི་རྒྱལ་པོའི་གྲྭ་སར། དེའི་མཁན་པོ་གཞུང་ལུགས་མཐའ་དག་ལ་འཆད་རྩོད་རྩོམ་གསུམ་འགྲན་ཟླ་བྲལ་བའི་སྙན་པ་སྲིད་པ་གསུམ་གྱི་བར་དུ་གྲགས་པ་བཤེས་གཉེན་ཆེན་པོ་ཆོས་རྣམ་རྒྱལ་གྱིས་སྤྱན་དྲངས་ཏེ། མཁན་པོ་དེ་ཉིད་དང༌། ཁམས་པ་སློབ་དཔོན་མདོ་སྔགས་རིག་གནས་མཐའ་དག་གི་གཉེར་ཁ་བ་མི་འཇིགས་པའི་སྤོབས་པ་ཅན་དགེ་བའི་བཤེས་གཉེན་ངག་དབང་བསྟན་པའི་རྡོ་རྗེ། དེ་སྐབས་ཀྱི་མངའ་རིས་སློབ་དཔོན་ཀོང་སྟོན་མཁས་པའི་དབང་པོ་གྲགས་སྙན་སྲིད་ན་སྒྲོག་པ་དོན་གྲུབ་དཔལ་བཟང་སྒྲུབ་སྡེ་སློབ་དཔོན་བསོད་ནམས་བློ་གྲོས་སོགས། དགེ་བའི་བཤེས་གཉེན་མཁན་པོ་སློབ་དཔོན་གྱི་དངོས་རྒྱུ། རྒྱུ་ཚོགས་གྲངས་ཚང་མང་དག་ལ་ཀྱེ་རྡོ་རྗེའི་རྒྱུད་གསུམ་ཀྱི་བཤད་བཀའ་སོགས་ཆོས་བཀའ་མང་དུ་གནང༌། དེ་ནས་རེ་ཞིག་བླ་བྲང་རྫོང་དུ་སྐུ་མཚམས་དང༌། སྐབས་སུ་ལམ་འབྲས་སོགས་ཆོས་འཆད་ཁ་ཡར་གནང༌། གྲང་ཆེན་ནས་རྗེ་དབོན་རིན་པོ་ཆེ་མགོན་པོ་བསོད་ནམས་མཆོག་ལྡན་དང༌། གླང་ཕུ་དཔོན་སློབ་ལ་དཀྱིལ་ཆོག་རྡོར་འཕྲེང་གི་དབང་ཚར་རེ་གནང༌། ཡང་མུས་རྫོང་དགའ་ལྡན་དང༌། ལུང་བྱུང་གཉིས་ཀྱང་ཞལ་འཛིན་གནང་སྟེ་ལམ་འབྲས་སོགས་ཆོས་བཀའ་མང་པོ་རེ་སོ་སོར་གནང༌། ལུང་བྱུང་དུ་རྒྱུད་གསུམ་གྱི་བཤད་བཀའ་ཡང་གནང་འདུག་ལ། སླར་ཀོང་སྟོན་མཁས་པའི་དབང་པོ་དེ་ཉིད་ཐུབ་བསྟན་མཁན་ཐོག་ཏུ་ཕེབས་ནས་མེ་མོ་གླང་ལོ་ལ་དམ་པ་འདི་ཉིད་ཡང་གདན་དྲངས་ནས་སྤྱི་སྒེར་དུ་གསུང་ངག་ལམ་འབྲས་ཆ་ལག་དང་བཅས་པ། མགོན་པོ་ཆེ་ཆུང་གི་