[A:༤༩༤]མདའ་ཡིས་རྙིང་ཕུག་པས། །ཡིད་དབང་རྣལ་དུ་མ་གྱུར་སྨྲ་བརྗོད་འགས། །ཡིད་མང་མནར་བྱེད་དུཿཁའི་ཚེར་མ་དེ། །ཡིད་ཅན་འདྲེན་མཆོག་གསོལ་བཏབ་མཐུ་དེས་ཕྱུངས། །མཚུངས་མེད་བླ་མའི་སྲས་ཀྱི་ཐུ་བོ་མཆོག །རིངས་ལུགས་ཕ་མཐར་སྤེལ་བའི་ཞ་ལུ་པར། །བྱང་ཆེན་བར་དུ་རྗེས་འཛིན་བརྡ་ཐབས་སུ། །ཐ་མའི་གསུང་གི་གནང་བ་ཅི་ཡང་སྩལ། །ཀྱེ་མ་མགོན་ཁྱོད་ཐུགས་རྗེ་ཉིན་མོར་བྱེད། །འཆར་ནུབ་སྤངས་ཀྱང་སྐལ་ངན་འགྲོ་བའི་ངོར། །དམ་པའི་ཆོས་ཀྱི་སྣང་བ་འོད་པོ་ཆེ། །བཞུད་པས་སྟུག་པོའི་སྨག་གིས་ཁྱབ་འདི་སྐྱོ། །སཱ་ལའི་ལྗོངས་འདིའི་སྐྱེ་རྒུ་ཡོངས་བོར་ནས། །བརྩེ་མེད་མཁའ་སྤྱོད་གཤེགས་ལ་ངོ་མཚར་ལྟས། །བློ་བྲིད་འདི་ལ་དགའ་བར་སེམས་པ་རྣམས། །མ་གས་སྙིང་དེ་ལྕགས་ཀྱི་གོང་བུར་ཟད། །རྣམ་ཀུན་མཆོག་ལྡན་ཟུང་འཇུག་ཕྱག་རྒྱ་ཆེར། །དང་པོའི་མགོན་པོར་བཞེང་ལ་ལྟོས་མིན་ཀྱང༌། །འགྲོ་བའི་ཚོགས་ཆེན་རྫོགས་སླད་རྒྱལ་ཚབ་རྗེས། །ཀུན་བཟང་མཆོད་སྤྲིན་མཁར་ངོས་དོག་པོར་བཀང༌། །ཞིང་འདིར་གཟུགས་སྐུའི་རི་བོང་རབ་བཏང་ཡང༌། །ཆ་ཤས་ཉེར་གང་སྙིང་རྗེའི་ཟླ་དཀྱིལ་ངོས། །ལྷག་བསམ་རི་དྭགས་སྣང་བརྙན་རྟག་འཆར་བའི། །ངང་ཚུལ་འདི་ལ་བསམ་སྐྱིན་རྩེ་དགའ་རྒོད། །དེ་ལྟར་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ཐུན་མོང་བའི་གདུལ་བྱ་རྣམས་ཀྱི་སྣང་ངོར་ངུར་སྨྲིག་གར་གྱིས་རོལ་པ་མཁས་པ་དང་གྲུབ་པའི་འཁོར་ལོས་སྒྱུར་བ་རྗེ་བཙུན་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ནི་རྒྱ་མཚོ་ཆེན་པོ་ལྟར་གཏིང་དཔོག་པར་མི་ནུས་ན་བདག་འདྲའི་བློ་དམན་ཚོགས་ཀྱིས་ཚང་བར་བརྗོད་པ་ནི་ལྟ་ག་ལ་ཞིག །འོན་ཏེ་ཆ་ཤས་ཙམ་གྱིས་ཟིན་བྲིས་གཉིས་གསུམ་སྣང་བའང་ཕན་