R184: དུས་གསུམ་རྒྱལ་བའི་མཁྱེན་བརྩེའི་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་ཕྲེང་།

  • Pagination (Witness A): ༥༠༨
[A:༥༠༨] དམ་པ་འདིའི་རིགས་ནི། བོད་རྒྱལ་པོའི་དབོན་དུ་གྱུར་པའི་འ་ཞ་ཞེས་བྱ་ཞིང་དེའང་ཟུར་མཁར་བློ་གྲོས་རྒྱལ་པོའི་ཤེས་བྱ་སྤྱིའི་ཁོག་དབུག་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཡངས་པོར་བོན་གྱི་གཏམ་རྒྱུད་དྲངས་པར། གྲི་གུམ་བཙན་པོའི་དུས་དམག་དྲངས་ནས་ཁ་ཆེའི་ཡུལ་བཅོམས་པའི་ཚེ་ཡུལ་བྱེ་བྲག་པ་པུཎྡྲ་སུར་བྲག་ཉུང་མ་ལྟར་གཤོག་པར་བྱེད་པའི་རྫུ་འཕྲུལ་ཅན་གྱི་མུ་སྟེགས་བྱེ་བྲག་པ་ཞིག་ལ་འ་ཞ་ཟེར་ཞེས་གང་ཟག་ཅིག་ལ་ངོས་བཟུང་ཞིང་མི་ཤི་བ་དང་ཕྱུགས་བསད་པ་རང་གི་མི་ཕྱུགས་སུ་སྐྱེ། ཕུང་པོ་དང་མཉམ་དུ་སྦས་པ་སྐྱེ་བ་ཕྱི་མ་དབང་བར་ལུང་སྟོན། ཤ་ཁྲག་གིས་མི་མ་ཡིན་པ་རྔན་ནས་སྨྲེང་གིས་དཀྲོལ་བས་ཕན་པར་བྱེད་པ་ལ་བོན་ནམ་ལེང་ཙེར་གྲགས་ལ། དེས་མ་རུངས་ཏེ་རྒྱལ་པོའང་ལོང་ངམ་རྟ་རྫི་ཞེས་པས་བཀུམས་སྨྲ་བ་གྲི་གུམ་གྱི་དུས་བོད་དུ་འ་ཞ་བྱུང་བར་འདོད་པ་འདྲ་སྣང་བ་དང༌། དཔའ་བོ་གཙུག་ལག་གིས་མཁས་པ་དགའ་བྱེད་དུ། གུརྞ་ཁ་ཏྲ་ཞེས་བྱའི་ཡུལ་ཁམས་ནས། །མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང༌། །ཞེས་ངོས་བཟུང་པའི་རྫུ་འཕྲུལ་ཅན་དེས་རྒྱལ་པོའི་མཚན་གྲི་གུམ་ཞེས་བཏགས་པར་བརྟེན་ནས་རྒྱལ་པོ་གྲིར་བཀུམས་པར་བཤད། དེ་ནས་རྒྱལ་རབས་ཉི་ཤུ་རྩ་བཞི་པ་དམུས་ལོང་དཀོན་པ་བཀྲས་བྱུང་བར་ཡབ་འགྲོ་གཉན་ལྡེའུས་བ་ཞའི་ཡུལ་ནས་སྨན་པ་བོས་ནས་མིག་ཕྱེ་གསུང་པ་བཞིན་ཕྱེ་བས་སྤྱན་བྱུང་སྟེ་ལྟག་རི་གཉན་གཟིགས་སུ་གྲགས་པ་ལྟར་ན་འ་ཞ་ཞེས་པ་ཡུལ་གྱི་མིང་དུ་བཤད། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་ཞལ་གསུངས་མར། ཁྲི་སྲོང་