གཙུག་ཏོར་དྲི་མེད་ལྷ་ལྔའི་དབང༌། བིར་སྲུང་ནང་མའི་བྱིན་རླབས། ཇོ་བོའི་ཆོས་ཆུང་བརྒྱ་རྩ། རྟོགས་བརྗོད་དཔག་བསམ་འཁྲི་ཤིང༌། གསར་མ་རྒྱུད་འབུམ་ནས་རྒྱུད་ཆེ་ཆུང་བསྡོམས་པ་རེ་ལྔ་དང་བཅས་པའི་ལྗགས་ལུང་འབུལ་བ་གནང༌། དེ་ནས་ལ་མོར་ཚངས་པ་དུང་གི་ཐོར་ཚུགས་ཅན་གྱི་གནས་ཁང་དུ་ཕེབས། ཆོས་སྐྱོང་ཁོག་ཏུ་བརླམས་པས་བསུ་བ་མཛད། ཚོགས་འཁོར་སྤྱན་གཟིགས་གྱ་ནོམ་པ་བསྟབ། སྤྱི་སྒོས་ཀྱི་དྲི་བ་གནང་བར་མཁན་པོ་རང་གི་ཐུགས་ལ་ལྐོག་གྱུར་གྱི་ཆོས་ཀུན་གསལ་བཞིན་དུ་དྲི་བ་མཛད་སྤྱི་སྒོས་སོགས་བསྟོད་བསྔགས་དང་བཅས་སྐུ་རིམ་གྱིས་མཚོན་པའི་བླང་དོར་གནང་རྒྱུའི་ལན་ཞིབ་ཏུ་ཕུལ་ཞིང་ཁྱེད་སྔོན་རྗེ་འབངས་ཉེར་ལྔའི་ནང་ནས་གནུབས་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་ཡིན་ཞེས་ངོས་འཛིན་མཛད་པ་གཏེར་སྟོན་འཇའ་ཚོན་སྙིང་པོས་རྗེ་འབངས་ཉེར་ལྔའི་ཁྲོད་ནས་གཅིག་ཡིན་གསུང་བའི་རྒྱབ་ཆོས་སུ་སོང་བས་ཡིད་ཆེས་ཀྱི་གནས་སུ་ངེས། བཀའ་འགྱུར་གྱི་ལྗགས་ལུང་གནང་བའི་སྦྱིན་བདག་སྡེ་པ་རྣམ་སྲས་གླིང་པས་མཛད་པའི་ས་དཔྱད་གྲུབ་ནའང༌། མཚུངས་མེད་ཉི་མ་གླིང་ནས་ཀྱིས་གོང་དཀར་རྡོ་རྗེ་གདན་རང་དུ་བཙུགས་ན་གནས་བཟང་ཞིང་ཚོགས་འདུ་ཆེ་བ་དང༌། བསྟན་པ་ཕྱོགས་མཐར་རྒྱས་པའི་རྟེན་འབྲེལ་ཡོད་ཚུལ་གསུངས་པ་ལྟར་ནམ་མཐོང་ས་ཟླ་བའི་ཚེས་བཅུ་སྐོར་ལ་ཀུན་མཁྱེན་འཇིགས་མེད་དཔའ་བོའི་གདན་ས་གསང་བ་སྔགས་ཀྱི་ཆོས་སྡེ་ཆེན་པོར་ཐེགས། ཐུགས་སྲས་ཀུན་དགའ་རྒྱལ་པོའི་གཟིམས་སྤྱིལ་ཀླུ་དབང་གླིང་དུ་རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་པའི་སྐུ་མཆོག །སྐྱེད་ཚལ་གོང་འོག་གི་མཁན་པོ། སྣ་མོ་ཤག་གྲུབ་ཆེན་མི་ཕམ་ཀརྨ་སངས་རྒྱས་སོགས་ཕྱོགས་འདུས་ཀྱི་དོན་གཉེར་ཅན་དུ་མ་དང་རྡོ་རྗེ་གདན་གྱི་གྲ་ཚང་ཁག་གི་སློབ་དཔོན་འགའ་ཞིག་བྲེལ་བསམ་འབྱོར་ཞིང༌། རིན་པོ་ཆེ་ཉི་མ་གླིང་པས་བསྐལ་བཟང༌། དཀོན་བརྩེགས། འཇམ་དཔལ་རྣམ་པར་རོལ་པ། རྣམ་པར་འཕྲུལ་པ། པད་དཀར་རྣམ་གསུམ་སོགས་ཁ་ཤས་ལས་ཚང་མར་བསྙུན་ནས་འབྱོན་མ་ཐུབ།
དེ་ཕྱིན་ཆོས་འཆད་པ་རྣམས་ཀྱིས་གཙོས་པའི་གྲ་པ་རགས་བསྡུས་ལ་འོ་སྐོལ་གྱི་སྟོན་པ་རྒྱལ་བ་ཟས་གཙང་གི་སྲས་པོ་རྡོ་རྗེ་གདན་གྱི་སྤོར་བདུད་བཞི་ལས་རྣམ་པར་རྒྱལ་བའི་བྱང་ཆུབ་བརྙེས་པའི་ཚུལ་བསྟན་ཏེ་མཆོག་གི་སྤྲུལ་པའི་སྐུའི་རྣམ་པར་རོལ་པའི་དུས་ཆེན་ཚེས་བཅོ་ལྔ་ལ་ཐོག་མར་རྟེན་འབྲེལ་ཁྱད་ཀྱི་མདོ་སྡེ་བསྐལ་པ་བཟང་པོ་ནས་རིམ་པ་བཞིན་དབུ་འཛུགས་པ་གནང་བ་དེའི་ཚེ་ནམ་མཁའ་ཐམས་ཅད་དྲི་མ་དང་བྲལ་བའི་གཡའ་དག་པར་ཆོས་སྡེའི་ཁྱོན་དང་མཉམ་པར་ཆུ་འཛིན་གྱིས་ཉི་འོད་མི་སྒྲིབ་པ་ཞིག་ནས་རྒྱ་གར་སྐད་དུ་གསུང་བ་དང་ལྷན་ཅིག་པར་ས་སྦངས་པའི་ཆར་ཤར་གྱིས་བབས་ཤིང་སྔར་ཕན་ཆར་དཀོན་པ་ཡོད་པ་ལ་དེ་ཉིན་ནས་དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་བའི་ཆོས་ཡོན་གྱི་ཆེད་དུ་ཕབ་ཅིང་ཐག་རིང་བ་ཚོས་མཐོང་བ་ན་ཀླུ་དབང་གླིང་ལ་འཇའ་ཟུག་པ་སོགས་བླ་མ་དང་ཆོས་ཀྱི་ཆེ་བས་གཟུར་གནས་རྣམས་མི་ཕྱེད་པའི་དད་པ་ལ་བཀོད། མདོ་སྡེ་ཟ་མ་ཏོག་གི་སྐབས་ཚོགས་པ་རྣམས་ལ་ཡིག་དྲུག་གསུང་བ། ཡེ་ཤེས་རྒྱས་པའི་མདོའི་དུས་སངས་རྒྱས་ཀྱི་མཚན་རེ་འཛིན་དགོས་ཚུལ་གྱི་བསླབ་བྱ་དང་བཀའ་འགྱུར་ལྕེ་ཐོག་ནས་ཚར་རེ་སྒྲོག་པའི་དམ་བཅའ་འབུལ་མི་ཁ་ཤས་བྱུང༌། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཐུབ་པ་འོད་སྲུངས་ཀྱིས་གདུལ་བྱ་རྣམས་གཏད་པ་བཞིན་དུ་ངའི་བསྟན་པ་ལ་རབ་ཏུ་བྱུང་བ་ལ་སོགས་པ་བྱམས་པར་ཡོངས་སུ་གཏད་པ་ཡིན་ནོ་སོགས་གསུང་སྐབས་བདག་ཅག་ལ་སྟོན་པ་བདེ་བར་གཤེགས་པ་ཐུགས་བརྩེ། ཞེས་སྤྱན་ཆབ་རྒྱུན་རིང་བར་སྣང༌། དེས་མཚོན་ཁྱིམ་པ་བྱིན་རླབས་ཞུ་མཁན་གྱི་རྣ་བར་བྱམས་པས་དམ་བཅས་པའི་གཟུངས་ཚར་རེ་སྒྲོག་པར་མཛད། ས་སྐྱོང་བསོད་ནམས་རབ་བརྟན་ལ་གཡར་པོ་ཞུས་པའི་བཀའ་འགྱུར་མཚལ་པར་མ་དང༌། ཆོས་སྡེའི་བཀའ་འགྱུར་གཉིས་ལ་ཞར་བྱུང་དུ་ཞུས་དག་པའི་ཡི་གེའི་འདུ་བྱེད་དགེ་སློང་འཕྲིན་ལས་རྣམ་རྒྱལ་དང༌། གོང་དཀར་གྱི་གླེགས་བམ་ཁྲོད་དུ་མ་བཞུགས་པ་འདྲ་མཚལ་པར་མའི་སྟེང་ནས་ལུང་གནང་བ་ཞལ་སྔ་ནས་བྲག་སྣ་བས་སྡེ་པར་སྙན་ཕྲ་ཕུལ་ནའང་ཡར་བཞེས་རྒྱུ་ཐུགས་ཀྱིས་བསྙེལ་ནས་ལྗགས་ལུང་གི་བགེགས་སུ་མ་སོང་བར་གདའ།