[A:༥༢༠]དག་དང་མ་དག་སྐྱེ་བ་འགའ་ཡི་མཐར། །ཆོས་དབང་གསུང་སྤྲུལ་པདྨ་དབང་ཆེན་ཞེས། །མཁས་གྲུབ་དམ་པར་གྱུར་ལ་གསོལ་བ་འདེབས། །རྫོགས་ཆེན་རྣལ་འབྱོར་འོད་གསལ་རང་གྲོལ་དང༌། །བཀའ་བརྒྱད་བཀའ་བབས་རྡོར་འཆང་བསོད་ནམས་བཟང༌། །འཇམ་དབྱངས་སྒེག་པ་བསོད་ནམས་གྲུབ་ལ་སོགས། །དག་པའི་སྐྱེ་བར་གྱུར་ལ་གསོལ་བ་འདེབས། །རྒྱལ་བས་ལུང་བསྟན་ཟབ་གཏེར་བསྟན་པའི་བདག །འབྲེལ་ཚད་དོན་ལྡན་རྒྱལ་པོའི་བླ་མཆོད་དེ། །ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པ་ཞེས། །ཁམས་གསུམ་གྲགས་པས་ཁྱབ་ལ་གསོལ་བ་འདེབས། །ཉམས་རྟོགས་མཐར་ཕྱིན་ཨ་སེང་རྒྱལ་མོ་དང༌། །འཕགས་ཡུལ་བྲམ་ཟེ་བྷྲ་མ་ནཱ་ཐ་ཉིད། །གངས་རིའི་ཁྲོད་འདིར་རྒྱལ་པོའི་རིགས་སུ་སྐྱེས། །མཁྱེན་བརྩེའི་དབང་ཕྱུག་ཉིད་ལ་གསོལ་བ་འདེབས། །ང་ཡི་སྐུ་གསུང་ཐུགས་དང་ཡོན་ཏན་དང༌། །འཕྲིན་ལས་སྤྲུལ་བ་ཤེས་རབ་སྙིང་རྗེ་ཅན། །རབ་བྱུང་རྒྱལ་ཆེན་རྣལ་འབྱོར་ཚུལ་ཅན་ཞེས། །པདྨས་ལུང་བསྟན་ཁྱོད་ལ་གསོལ་བ་འདེབས། །རྒྱལ་སྲས་གུ་རུ་ཆོས་ཀྱི་དབང་ཕྱུག་གིས། །ཡང་སྲིད་གཉིས་སུ་ཕ་བུའི་འབྲེལ་བ་བཞག །ད་དུང་འབྲལ་མེད་རྗེས་སུ་འཛིན་ནོ་ཞེས། །བྱིན་རླབས་ལུང་བསྟན་ཐོབ་ལ་གསོལ་བ་འདེབས། །དགྱེས་པ་རྡོ་རྗེ་འཁོར་ལོ་སྡོམ་པ་དང༌། །རྡོ་རྗེ་ཕག་མོ་སྒྲུབ་ཆེན་བཀའ་བརྒྱད་ལྷ། །འཇམ་དཔལ་ཁྲོས་པ་འཇོམས་བྱེད་འབར་བ་ཡིས། །བྱིན་རླབས་མཚན་མ་ཐོབ་ལ་གསོལ་བ་འདེབས། །ལྷ་ཆེན་དཔལ་འབར་ལྕམ་དྲལ་ཕོ་ཉར་བཅས། །གུར་གྱི་མགོན་པོ་གཉན་མགོན་རྣམ་སྲས་སོགས། །དམ་ཅན་