R184: དུས་གསུམ་རྒྱལ་བའི་མཁྱེན་བརྩེའི་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་ཕྲེང་།

  • Pagination (Witness A): ༥༠༣
[A:༥༠༣]ས་སྐྱ་པཎྜི་ཏས། །མཆོད་བསྟོད་འདུད་པའི་བདག་ཉིད་ཅན། །ཤིས་པ་བརྗོད་སོགས་མི་འགལ་ཏེ། །ཐམས་ཅད་དུ་ཡང་སྟོན་པ་ཡི། །ཆེ་བ་འབའ་ཞིག་སྟོན་ཕྱིར་རོ། །ཞེས་པའི་དོན་ལྟར་ཚིགས་བཅད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སྔོན་དུ་འགྲོ་བའི་སྒོ་ནས་གླེང་བར་བྱ་བ་ནི། མཁས་པའི་གསུང་ལས། གང་ཕྱིར་དགེ་ལེགས་ཐམས་ཅད་ནི། །རྟག་ཏུ་སྦྱིན་ཞིང་འཕེལ་འགྱུར་བའི། །ཐུབ་བསྟན་དཔག་བསམ་ལྗོན་ཤིང་གི །ངོ་མཚར་གླེང་ལ་སུ་མི་གུས། །ཞེས་བདག་ཅག་གི་རྣམ་འདྲེན་དམ་པ་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད། བྱོན་དང་འབྱོན་འགྱུར་འབྱོན་བཞིན་པའི་སྲས་བཅས་རྒྱལ་བ་མཐའ་དག་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། དེ་དག་གི་མགུར་གྱི་བུམ་པ་ནས་དམ་པའི་ཆོས་ཀྱི་ཕུང་པོ་ཟད་མི་ཤེས་པ་ལྗགས་ཀྱི་དབང་པོ་ལེགས་པར་བཀྲམ་སྟེ་གདུལ་བྱ་རྣམས་ཀྱི་རྣ་བར་འཇེབས་པའི་སྒྲ་བོ་ཆེ་ཡོངས་ཀྱི་སྙིང་པོར་གྱུར་པ་ནང་རིག་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་འབྱུང་གནས་དེ་རྣམས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་སྒོ་ནས་ཚུལ་བཞིན་འཛིན་པའི་ཐེག་གསུམ་སྐྱེས་འཕགས་འདུས་པའི་དབང་ཕྱུག །རིས་སུ་མ་ཆད་པའི་གྲུབ་པའི་མཐའ་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་སོན་པས་མཁས་པ། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སོགས་ཉེས་ལྟུང་གི་ཆ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པར་ལས་འབྲས་ལ་ཞིབ་མོར་དཔྱོད་པས་བཙུན་པ། བདག་བས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་ལ་འཁྲུངས་པས་གཞན་དོན་ལྷུར་མཛད་པས་བཟང་པོ།