[A:༥༦༠]ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་གདན་ས་ཞ་ལུ་རི་ཕུག་ཆོས་ཀྱི་ཕོ་བྲང་དུ་རིགས་བརྒྱའི་བདག་པོ་དབང་ཕྱུག་རབ་བརྟན་བཞུགས་པའི་སྤྱན་སྔར་ཕེབས་གཙུག་ཕུད་བཞེས་ཤིང་མཚན་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། རྐྱེན་སེལ་རྗེས་གནང་ཅི་རིགས་གསན་ནས་གཞིས་སུ་ཐེགས། ཐུན་མོང་ཞེས་པ་ལྕགས་ཁྱིའི་ལོ་དགུང་ལོ་བརྒྱད་ཀྱི་ཐོག་སླར་ཞ་ལུ་རི་ཕུག་ཏུ་ཕེབས་པའི་ནུབ་སྔ་མ་རྗེ་བླ་མའི་འོད་གསལ་དུ་རྩིས་ཀྱི་མགོན་པོ་ཆོས་སྐྱོང་ཡིད་བཞིན་ནོར་བུའི་མངག་གཞུག་དམ་ཚིག་སྲོག་གི་བདག་པོ་ཟབ་བེར་དཀར་པོའི་གོས་དང་ཁྲབ་གསོལ་ཞིང་སེང་གེ་དཀར་པོར་ཞོན་པ་ལག་ན་རྒྱ་སྤོས་ཁྲེས་ཀྱི་ཆུན་པོ་དར་སྐུད་ཀྱིས་བཅིངས་པ་སྤར་བའི་ཐ་སྙད་མེད་པར་དྲི་ཞིམ་པ་ཕུན་སུམ་ཚོགས་པས་ཁྱབ་པ་ཞིག་ཁྱེར་ནས་ནམ་མཁར་ཡུད་ཡུད་འགྲོ་བ་བྱུང་བ་སང་ཉིན་བཀའ་ལས་མདང་དེ་བཞིན་བྱུང་བ་ཁྱེད་འབྱོན་པའི་ལྟས་སུ་འདུག་ཅིང་ཚུལ་ཁྲིམས་རྣམ་པར་དག་པ་ཡོང་བའི་བརྡར་གོ་གསུང༌། རྗེ་ཉིད་ཀྱི་དྲུང་དུ་ཚིགས་སྔ་མ་དགེ་ཚུལ་གྱི་དངོས་པོར་བསྒྲུབས། མི་རིང་བར་རྗེ་རྡོ་རྗེ་འཆང་ལ་སྟོད་ལ་ཆིབས་ཁ་བསྒྱུར་བའི་ཞམ་འབྲིང་མཛད་ནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས་འཇམ་དབྱངས་གཟི་འོད་འབར་བ་དང་ཆོས་སྐྱོང་མངོན་སུམ་དུ་བཞུགས་པའི་སྒོ་རུམ་མགོན་ཁང་སོགས་ལ་གནས་གཟིགས་རྒྱས་པར་མཛད། ཕྱིར་ལམ་ལྷ་རྩེ་དང་འདར་ཕྱོགས་སུ་ཐེགས་སྐབས། སྐུ་ན་གཞོན་པ་ལ་དེས་ཤིང་མཛངས་པ་རྣམ་དཔྱོད་ཀྱི་མཐུ་ཕུལ་དུ་ཕྱིན་པ་ལ་ཕྱོགས་དེའི་སྐྱེ་བོ་རྣམས་ངོ་མཚར་ཞིང་ཡི་རང་བར་གྱུར།