[A:༡༠༠]འབབ་པས། ཚོགས་བཤད་ཟ་ཟིའི་སྦྱོར་བ་དང་མདོ་སྔགས་ཀྱི་འཁྲིད་ཕྱོགས་རེ་ཙམ་དོན་དུ་གཉེར་བའི་སྐྱེ་བོ་རྣམས་ཀྱི་བློར་ཆུད་དཀའ་བས། འཇམ་དབྱངས་ས་སྐྱ་པཎྜི་ཏས། ལུང་བཟང་འདབ་མའི་ཁུར་གྱིས་ལྕི་གྱུར་ཅིང༌། །དྲི་མེད་རིག་པའི་ཟེའུ་འབྲུ་མཛེས་པ་ཅན། །དོན་བཟང་སྦྲང་རྩིའི་བཅུད་ཀྱི་ཟ་མ་ཏོག །བློ་གསལ་བུང་བ་འདུ་བའི་དགའ་སྟོན་ཡིན། །ཞེས་རིན་པོ་ཆེ་ལྟ་བུའི་གདུལ་བྱ་མཆོག་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའང་ཇི་སྐད་དུ། ཡོན་ཏན་ལྡན་པ་ཡོན་ཏན་ལ་དགའ་ཞིང༌། །ཡོན་ཏན་མེད་པ་ཡོན་ཏན་ལ་མི་དགའ། །ནགས་ཀྱི་བུང་བ་མཚོ་ཡི་པདྨར་དགའ། །སྦལ་བ་ལྷན་ཅིག་གནས་ཀྱང་དེ་ལྟ་མིན། །ཞེས་སྦལ་པ་པདྨ་དང་བསྐལ་བར་འགྲོགས་ཀྱང་དགའ་བར་མི་སེམས་ཤིང་བུང་བ་ནགས་ཀླུང་དུ་སྡོད་ཀྱང་པདྨའི་བཅུད་མྱང་བ་ལ་བརྩོན་པ་ལྟར་ནཱ་ལནྡ་ནས་རྒྱུད་སྡེ་རྒྱ་མཚོའི་མཁྱེན་པའི་སྤྱན་ཡངས་བཅོ་བརྒྱད་ཆོས་རྗེ་བྱམས་པ་ངག་དབང་ལྷུན་གྲུབ། ཁྱབ་བདག་བཀའ་འགྱུར་བའི་དབོན་གནས་གསར་ཞབས་དྲུང་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ། ལྕགས་ཟམ་ཆོས་རྗེ་ངག་དབང་བསྟན་འཛིན་ཕུན་ཚོགས། འདར་བ་རྗེ་དྲུང་བློ་གསལ་བསྟན་འཛིན། དྲུང་ཡིག་འཇམ་དབྱངས་བསྟན་འཛིན། མཆོད་དཔོན་རིན་ཆེན་འཇམ་དཔལ་སོགས་དོན་གཉེར་ཅན་ཉི་ཤུ་སྐོར་ལ་ཧོར་ཟླ་གཉིས་པའི་ཉེར་ལྔ་ནས་ཆོས་འཁོར་བསྐོར་བའང་ཚར་ཆེན་གྱི་གསུང་མགུར་ལས། ཉམས་ལེན་གདམས་པའི་གཙོ་བོ་ནི། །རྒྱལ་ཡུམ་བདག་མེད་མཁའ་འགྲོ་ལ། །པཎ་གྲུབ་དབང་པོ་བི་རཱུ་པས། །ནོས་པ་ནས་བཟུང་ད་ལྟའི་བར། །རྩ་བའི་བླ་མ་ཡན་ཆོད་དུ། །དབང་བཞིའི་ཆུ་བོ་མ་ནུབ་པའི། །བླ་མའི་གསུང་ངག་བདུད་རྩིའི་རྒྱུན། །ཚད་མ་བཞི་ལྡན་དབང་བཞིའི་