[A:༢༨]མཎྜལ་བཏེག་ནས་རིག་འཛིན་ཆེན་པོའི་གཏེར་གསར་བླ་མ་བཀའ་བརྒྱད་ཡོངས་འདུས་དང་དྲག་པོ་དབུ་དགུའི་དབང་གཉིས་ཀྱིས་གཙོས་པའི་ཆོས་ཅི་རིགས་གསན། ཕྱིར་ཕེབས་ནས་རིན་ལྡིང་འདུ་ཁང་གི་ཤིང་རྩི་ལྡེབས་བྲིས་ཀྱི་ཁུར་བཞེས་དང་སྒྲུབ་མཆོད་བསྐང་བ་གཞན་དོན་གྱི་འཕྲིན་ལས་སོགས་རྣམ་དཀར་གྱི་མཛད་པ་གོང་འཕེལ་གྱི་ངང་ནས་རིང་པོར་མ་ལོན་པར་བསྙེན་པར་རྫོགས་པའི་དགོངས་པ་བསྟང་པ་དེ་ཡང་བསྟན་པ་སྔ་དར་གྱི་དུས་ཐམས་ཅད་མཁྱེན་པ་ཞི་བ་འཚོས་སད་མི་མི་བདུན་རབ་ཏུ་བྱུང་བ་ནས་བཟུང་སོ་ཐར་གྱི་སྡོམ་རྒྱུན་དར་རྒྱས་སུ་གྱུར་པ་རྒྱལ་པོ་དར་མས་བསྟན་ལ་རྨ་ཕྱུང་བའི་རྗེས་སུ་དམར་གཡོ་གཙང་གསུམ་གྱིས་མདོ་སྨད་ནས་བསྟན་པའི་མེ་རོ་གསོས་ཏེ་རྗེ་བཙུན་ས་པཎ་ཡན་ཆད་ཀྱི་སྡོམ་རྒྱུན་ཕལ་ཆེར་བླ་ཆེན་དང་པཱ་ལ་རྣམ་པ་གསུམ་ནས་དར་བའི་སྟོད་འདུལ་བའི་རྒྱུན་ཡང་བྱུང་མོད། ཀསྨི་ར་བའི་པཎ་ཆེན་བསོད་སྙོམས་པ་ཆེན་པོ་བོད་དུ་ཕེབས་པ་ནས་བཟུང་ཚོགས་སྡེ་བཞི་དང་འཇམ་མགོན་ས་པཎ་ནས་བརྒྱུད་པར་པཎ་ཆེན་བརྒྱུད་པ་ཞེས་སྙན་གྲགས་ཆེ་ཞིང་བདག་ཉིད་ཆེན་པོ་བཟང་པོ་དཔལ་བ། ཀུན་མཁྱེན་བུ། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་སོགས་མཁས་གྲུབ་ཕལ་ཆེར་སྡོམ་རྒྱུན་འདི་ནས་བཞེས་པ་མང་ཞིང༌། ཁྱད་པར་ངོར་ཕྱོགས་སུ་བསྙེན་རྫོགས་ཀྱི་གྲ་བཟང་པ་ནས་དཔལ་ཨེ་ཝཾ་ཆོས་ལྡན་ཡོན་ཏན་མ་ལུས་འབྱུང་བའི་གཙུག་ལག་ཁང་དུ་མཁྱེན་བརྩེ་ནུས་པའི་མངའ་བདག་ཚུལ་ཁྲིམས་ཀྱི་དྲི་བསུང་གིས་ཕྱོགས་ཀུན་ཏུ་ཁྱབ་པས་འཕགས་པ་ཉེ་བར་འཁོར་ས་འདིར་བྱོན་པ་ལྟ་བུ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཡོངས་རྫོགས་