[A:༡༢༠]ཞང་རྡོ་རྗེ་དབང་ཕྱུག་དང༌། །མ་གཅིག་གཞོན་ནུ་འབུམ་འཁྲུངས་སྐུ་ཞང་ལ། །སྔར་བཞིན་གོང་མས་འཇའ་ས་གསེར་ཡིག་གནང༌། །གཞོན་ནུ་འབུམ་ཉིད་དཔལ་ལྡན་ས་སྐྱ་རུ། །བདག་ཉིད་བཟང་པོ་དཔལ་གྱི་ཁབ་ཏུ་བཞེས། །སྲས་ནི་གུ་ཤྲཱི་ཀུན་དགའ་ཉི་མ་དང༌། །འཇམ་དབྱངས་དོན་རྒྱལ་ཆོས་རྗེ་བླ་མ་གསུམ། །བསྟན་པའི་མངའ་བདག་ཆོས་ཀྱི་བདག་པོར་གྱུར། །སྐུ་ཞང་རྔ་སྒྲའི་སྲས་པོ་གྲགས་རྒྱལ་གྱིས། །སྲིད་བསྐྱངས་རྒྱ་ཡུལ་བྱོན་ནས་གོང་མའི་ལུང༌། །ཐོབ་ཅིང་བོད་ཡུལ་ཆོལ་ཀ་གསུམ་དབང་བསྒྱུར། །སྟག་མགོ་ནོར་བུ་གཉིས་པ་འཛིན་པ་ཡི། །ཧུ་ཤི་དུ་ཡན་ཤ་ཡི་ལས་ཀ་དང༌། །གསེར་བྲེ་བརྒྱ་དང་དངུལ་བྲེ་ལྔ་བརྒྱ་སོགས། །གནང་སྐྱེས་གྱ་ནོམ་སྩལ་ཏེ་བཀའ་བཞིན་དུ། །བོད་བྱོན་ཞྭ་ལུའི་གཙུག་ལག་ཁང་ཆེན་ལ། །གསེར་བསྐྱེད་རྒྱ་ཕིབས་གསེར་གྱི་གཉྫི་ར། །དུས་གསུམ་སངས་རྒྱས་སྐུ་དང་བཀའ་འགྱུར་སོགས། །གསེར་ལས་གྲུབ་པའི་རྟེན་གསུམ་ཁྱད་འཕགས་བཞེངས། །ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། །མཁན་པོར་མངའ་གསོལ་དགེ་འདུན་དར་རྒྱས་སྤེལ། །སངས་རྒྱས་བསྟན་པ་ཉིན་མོར་གསལ་བར་མཛད། །དེ་སྲས་ཧོར་གྱི་ཡུལ་དུ་སྐུ་འཁྲུངས་པ། །སྐུ་ཞང་ཀུན་དགའ་དོན་གྲུབ་ཅེས་གྲགས་པས། །གཙུག་ལག་ལོགས་བྲིས་གཞལ་ཡས་ཁང་རྣམས་བཀོད། །བསྟན་འགྱུར་བཞེངས་དང་ཆོས་སྡེ་དར་རྒྱས་དང༌། །བུ་སྟོན་ཆེན་པོའི་ཞབས་འདེགས་བསྟན་པ་སྤེལ། །དེ་དང་ཡབ་གཅིག་སྐུ་མཆེད་སྐུ་ཞང་ནི། །ཡེ་ཤེས་ཀུན་དགར་གོང་མ་རྒྱལ་པོ་ཡིས། །ཡབ་མེས་ཇི་བཞིན་འཇའ་ས་གསེར་ཡིག་དང༌། །ཐོང་ཀྱི་དུ་ཝན་ཤ་ཡི་ལུང་ཡང་གནང༌། །དེ་དང་ཡབ་གཅིག་ལྕམ་སྲིང་ཁྱེ་འདྲེན་དཔལ། །