[A:༡༢༡]ས་སྐྱར་ཁབ་བཞེས་བླ་ཆེན་ཀུན་རྒྱལ་འཁྲུངས། །དྷརྨ་པཱ་ལ་ནས་བཟུང་འདི་ཡན་དུ། །གདུང་བརྒྱུད་དྲུག་རིང་སྐུ་ཡི་ཞང་པོར་གྱུར། །དེ་ནས་སྐུ་ཞང་ཡེ་ཤེས་ཀུན་དགའི་སྲས། །སྐུ་ཞང་ལེགས་པ་དོན་གྲུབ་པ་ལ་ཡང༌། །གོང་ནས་ཐོང་ཇི་དུ་ཝན་ཤའི་ལས་ཀ །ཁྲི་སྐོར་ཤེས་སའི་འཇའ་ས་སྔར་བཞིན་གནང༌། །ལེགས་པ་དོན་གྲུབ་སྲས་ཀྱི་ཕྱི་ཚར་ནི། །དོན་རྒྱལ་བ་སོགས་གསུམ་ནས་བརྒྱུད་པ་ལ། །སྨད་ཞང་ཞེས་གྲགས་ཆེ་བ་དོན་རྒྱལ་བའི། །སྲས་གསུམ་ཆེ་བ་སངས་རྒྱས་པ་སོགས་གསུམ། །དེ་ལ་རིན་ཆེན་བཟང་པོ་ལ་སོགས་ལྔ། །རིན་བཟང་སྲས་པོ་གཉེར་ཆེན་པ་རྣམས་ནི། །སྐུ་ཞང་རྔ་སྒྲ་ཕྱོགས་ལས་མཆེད་པའོ། །དེ་ཡང་སྐུ་ཞང་རྡོ་རྗེ་དབང་ཕྱུག་སྲས། །ནམ་མཁའ་མཆོག་གྲུབ་རབ་ཏུ་མ་བྱུང་གོང༌། །སྐུ་ཞང་བློ་གསལ་བ་དང་རྒྱལ་བ་གཉིས། །འཁྲུངས་པའི་སྲས་ལ་སྐུ་ཞང་དཔལ་འབྱོར་བ། །དེ་སྲས་རྡོ་རྗེ་འཆང་དབང་མཁྱེན་རབ་རྗེ། །ཕུན་ཚོགས་པ་དང་རྒྱལ་བ་རྣམ་སྲས་པ། །ལེགས་པ་པ་དང་བཀྲ་ཤིས་པ་རྣམས་འཁྲུངས། །རྡོ་རྗེ་འཆང་དབང་མཁྱེན་རབ་ཆོས་རྗེ་ནི། །རྒྱལ་བའི་ཡབ་གཅིག་འཇམ་དཔལ་དབྱངས་ཉིད་ལས། །ཤཱ་རིའི་བུ་དང་རིགས་ལྡན་ཆོས་རྒྱལ་དང༌། །རྒྱ་བོད་མཁས་གྲུབ་དུ་མའི་སྐུར་བསྟན་ཅིང༌། །སྐུ་ཚེ་འདིར་ཡང་ཆུང་ངུའི་དུས་ཉིད་ནས། །གཤེད་དམར་ལ་སོགས་ཡི་དམ་དུ་མ་གཟིགས། །རྣམ་ཐོས་སྲས་སོགས་ཆོས་སྲུང་བྲན་དུ་འཁོར། །དགའ་ལྡན་གནས་ནས་རྒྱལ་བ་བྱམས་མགོན་དང༌། །རྒྱལ་བ་རབ་གསལ་ཟུང་གིས་ལུང་བསྟན་བཞིན། །ལྗོངས་འདིར་ཤིང་རྟའི་སྲོལ་འབྱེད་བཅུ་གསུམ་སོགས། །དམ་པའི་ཆོས་ཀྱིས་འགྲོ་རྣམས་སྨིན་པར་མཛད། །ཁྱད་པར་ཐམས་