[A:༢༣༡]གསུངས་པ་ལྟར། རྒྱུན་ནུབ་པ་མེད་པའི་རྟེན་འབྲེལ་གྱི་འཕེལ་རྒྱས་སུ་གྱུར་པ་ནི་མ་ཧཱ་ཀཱ་ལ་གུར་ཞལ་དང༌། འདོད་ཁམས་གཙོ་མོ་རབ་བརྟན་མ། དམ་ཅན་པུ་ཏྲ་ཆེན་པོ་རྣམས་ཀྱིས་ཕྲིན་ལས་གཡེལ་མེད་དུ་སྒྲུབ་པར་མངོན། མཁན་ཆེན་རྡོ་རྗེ་འཆང་སྐུ་ཁམས་ཅུང་ཟད་ལྟེམ་པའི་ཚུལ་བསྟན་པར། ངེད་རང་གི་རྨི་ལམ་དུ་བླ་མ་པཎ་ཞྭ་གྱོན་པ་མང་པོ་རྟ་ཐོག་ནས་འབྱོར་བ་དང༌། སོག་པོ་རྒྱ་ཟོག་གི་ཁལ་དུ་མ་དེད་ནས་འོང་བ་སོགས་འཚུབ་འགྱུར་ཆེ་ཙམ་བྱུང་བར། ཕྱི་ཉིན་གོང་ས་ཆེན་པོ་ནས་ངེད་རང་ལ་བཀའ་སམ་བཀའ་དྲིན་བསྐྱངས་པར། མཁན་རིན་པོ་ཆེའི་སྐུ་རིམ་དུ་རྣམ་འཇོམས་ཀྱི་ཁྲུས་རྒྱས་པ་ཞིག་གི་མཇུག་ཏུ་སྐུ་གླུད་འདི་བཞིན་ལ་རྫོང་གཟབས་པ་དང་བཅས་དན་བག་ཕྱོགས་སུ་ཐོང་ཕེབ་ཅིང༌། ངེད་རང་གི་རྨི་ལམ་དུ་བྱུང་བ་དེ་རྣམས་ཕྱག་བྲིས་སུ་སྩལ་བྱུང་བ་དང༌། ཚེ་དབང་བརྒྱ་རྩ་ཕུལ། བསླབ་སྟོན་ཕེབ་པ་ལྟར་ཞུས་པས་སྐུ་ལྟེམ་པ་དྭངས་པའི་ཚུལ་གནང༌། ངེད་རང་གིས་ཁོང་དཔོན་སློབ་གཉིས་ཀྱི་ཉན་དུའང་ཕུལ་ཏེ། གོང་ས་ཆེན་པོར་ཚར་ཆེན་ནས་མཁན་ཆེན་རྡོ་རྗེ་འཆང་གི་བར་གྱི་སློབ་བཤད་བླ་མ་བརྒྱུད་པའི་རྣམ་ཐར་སྔར་མེད་པ་རྣམས་གསུང་རྩོམ་བཀའ་དྲིན་སྐྱོང་དགོས་ཚུལ་ཞུས་པས། ཚར་ཆེན་རྡོ་རྗེ་འཆང་གིས་གཙོས་པའི་རྣམ་ཐར་རྣམས་ངོ་མཚར་བ་བཀའ་དྲིན་བསྐྱངས། སྐབས་ཤིག་ཕོ་བྲང་དུ་མཇལ་ཁར་ཕྱིན་སྐབས་གོང་ས་སྐྱབས་མགོན་ཆེན་པོ་སྤྱན་ཅུང་ཟད་མི་གསལ་བའི་ཚུལ་བཀའ་དྲིན་བསྐྱངས་འདུག་པས། ཁམས་སོག་བོད་པ་སོགས་མཇལ་ཁ་བ་མང་བས་སྐུ་གྲིབ་ལྟ་བུས་སྤྱན་ལ་གནོད་པ་བྱུང་དོགས་བློས་མ་བཟོད་པར་ལྷོ་མོས་སུ་འབྱོར་འཕྲལ་མཁན་ཆེན་