[A:༢༣༢]རྡོ་རྗེ་འཆང་ལ་ཚང་མར་ཕྱག་དབང་བཀའ་དྲིན་བསྐྱངས་པ་མི་འགབ་ཚུལ་སྙན་འབུལ་ཞུས་ན་ཇི་ལྟར་འོང་ཞུས་པར། དེ་ཁ་ཤིན་ཏུ་ལེགས་པ་འོང་འདུག་པས་ངེད་རང་དཔོན་སློབ་ལྷན་དུ་ཞུ་ཕེབ་པ་བཞིན་ཞུ་སམ་ཕུལ་བས། ངོ་མ་དྲག་གྲས་ཚོར་ཕྱག་དབང་དང༌། མང་མར་ཕྱག་ནས་བཀའ་དྲིན་བསྐྱངས་སོང༌། ངེད་གྲོགས་མཆེད་གསུམ་གྱིས་གོང་ས་ཆེན་པོར་ཞབས་བརྟན་གསུང་རྩོམ་བཀའ་དྲིན་བསྐྱང་དགོས་ཚུལ་ཞུས་པར། སྒྲོལ་དཀར་གྱི་ཆོ་ག་ལ་བརྟེན་པའི་ཞབས་བརྟན་གྱི་གསུང་རྩོམ་གནང་བའི་ཐོག་ནས། ངེད་དཔོན་སློབ་སོ་སོ་ནས་ཉིན་རེར་འཆི་བསླུ་བཅས་ཞབས་བརྟན་གྱི་ཞབས་ཐོག །དངོས་པོའི་འབུལ་བ་སོགས་རྒྱས་པར་ཕུལ། མཁན་ཆེན་རྡོ་རྗེ་འཆང་གིས་སྐུ་ཞབས་དང༌། དབོན་རིན་པོ་ཆེ་ནས་ངེད་ལ་བྱི་བར་གླང་པོ་ཆེ་དང༌། ཕྱུག་པོར་རྣམ་ཐོས་ཀྱི་བུའི་དཔེ་ལྟར་རྟེན་འབྱུང་རྒྱས་པ་རེ་བཀའ་དྲིན་བསྐྱངས། ངེད་ཀྱིས་ཟུར་ཆོས་སུ་སྒྲུབ་ཐབས་རྒྱ་མཚོ། སྒྲོལ་དཀར། གནས་བརྟན་བཅུ་དྲུག །བཀའ་གདམས་ལྷ་བཞི་རྣམས་ཀྱི་རྗེས་གནང་ལུང་བཅས་དང༌། མི་འཁྲུགས་པ་དང་བཅུ་གཅིག་ཞལ་གྱི་དབང༌། མགོན་པོའི་རྗེས་གནང་ལུང་བཅས་སོགས་དབང་རྗེས་གནང་མང་བ་ཞིག་ཕུལ། ཆོས་ར་གྲོལ་འཕྲལ་སློབ་བཤད་ཀྱི་ཕྱག་དཔེ་རྣམས་ཉིད་ཆོས་ཀྱི་བདག་པོ་ཡིན་པས་བཤད་སྒྲུབ་འཕེལ་བར་མཛོད་གསུང་གནང་སྟེ། བླ་མས་སློབ་བཤད་ཀྱི་བདག་པོར་རྟེན་འབྲེལ་སྒྲིག་པར་མཛད་པ་ནི། དབོན་རིན་པོ་ཆེ་ཆོས་འདིའི་བདག་པོར་དེ་ལྟ་བུ་བཞུགས་བཞིན་དུ་བདག་ལ་བསྔགས་བརྗོད་དང་ཆེད་དུ་གདམས་པར་མཛད་པ་ནི་དབོན་རིན་པོ་ཆེ་རིང་པོར་མི་བཞུགས་པ་ཐུགས་མཁྱེན་གྱིས་ཆོད་