[A:༢༤༨]རྒྱས་པར་སྩལ་ཞིང་ཐུགས་ཤིན་ཏུ་མཉེས་པར་གྱུར་ཏེ་ཆིབས་ཁ་བསྒྱུར་བར་ཕེབ་སྐྱེལ་སོགས་གང་ལེགས་ཞུས། སྡེ་དགེ་དབོན་པོ་ཀུན་དགའ་རབ་བརྟན་སོགས་ཁམས་འགྲུལ་པ་མང་ཙམ་འབྱོར། ཁམས་ཟོག་གི་རིགས་སྟེར་སྦྱིན་དཔངས་ཤིན་ཏུ་མཐོ་བར་བྱུང༌། ལུགས་གཉིས་ཀྱིས་མགུ་བར་བྱས་ཏེ་འཇམ་མགོན་བླ་མའི་གདན་ས་དཔལ་ལྡན་ས་སྐྱ་དང༌། ངོར་ཨེ་ཝཾ་ཆོས་ལྡན་སོགས་གཙང་མཇལ་དུ་རྫོང་བདའ་བྱས། ཆོས་སྡེ་ཆེན་པོར་ཆོས་དང༌། དུས་མཆོད་ཀྱི་རིམ་པ། བྱང་བུ་ཞུ་བ་སོགས་འཕྲལ་དགོས་རྣམས་དང༌། དགོན་ལག་སོ་སོར་འགྲོ་བ་སོགས་སྔར་རྒྱུན་ལྟར་བྱས་ཞིང༌། ཕོ་བྲང་ཆེན་པོར་གོང་ས་ཡས་ཕྱིན་གྱི་མཇལ་ཁར་ཕྱིན་པར་ཞག་ཤས་ནས་མཇལ་ཁ་ཤིན་ཏུ་ལེགས་པ་བཀའ་དྲིན་བསྐྱངས། འདི་སྐབས་གོང་ས་སྐྱབས་མགོན་ཆེན་པོ་རྒྱལ་དུ་ཆིབས་ཁ་བསྒྱུར་གྲབས་ཀྱིས་བཞུགས་སྒར་གྱི་ཆས་ཐུགས་གྲབས་བཀའ་དྲིན་བསྐྱངས་འདུག་པས། བློ་མ་བདེ་བར་བཞུགས་གྲལ་གྲོལ་སྐབས་ངོས་ཀྱི་སྐུ་མདུན་དུ་ཕྱིན་ཏེ་རྒྱལ་ཏུ་ཆིབས་ཁ་བསྒྱུར་ཚུལ་ཞིག་ཐོས་བྱུང་བས། ཕ་གི་ལུང་པ་དང་ཆུ་བསིལ་བ་ཞིག་ཡོད་འདུག་པས་སངས་རྒྱས་ཀྱི་སྐུ་ལ་བསྙུན་པ་ག་ལ་མངའ་ནའང༌། སེམས་ཅན་རྣམས་ཀྱི་ངོར་སྐུ་ལ་གསོལ་ཆབ་སོགས་མི་འཕྲོད་པའི་ཚུལ་བསྟན་དོགས་པས་བསྟན་འགྲོའི་དོན་དུ་ཕོ་བྲང་འདི་གར་བཞུགས་གདན་འཇགས་པ་གནང་དགོས་ཚུལ་ཕྱག་དང་བཅས་གསོལ་བ་ནན་གྱིས་བཏབ་པས། སྤྱན་ནམ་མཁའ་ལ་གཟིགས་ཏེ་དལ་ཅིག་བཞུགས། དེ་ནས་ངེད་ལ་གཟིགས་ཏེ་སྔ་སོར་རྒྱ་ནག་ནས་འཁོར་སྐབས་མཆོད་ཡོན་དང་ལྷན་དུ་ཕྱིན། དེ་ནས་བྱིང་བས་འགྲོ་མ་ཐུབ་ཅིང་གཏོར་སྤོད་སོགས་གང་ཅིའི་ཁྱད་ནས་འགྲོ་དགོས་ངེས་ཡིན་ཀྱང༌། ཆོས་རྗེ་ནན་ཆེས་པས་ཞག་གསུམ་ནས་གསལ་བྱེད་བཀའ་དྲིན་བསྐྱངས། ཞག་གསུམ་