[A:༢༤༩]ནས་ཐོན་ཕྱག་ཞུས་པས། མཆོད་དཔོན་ལགས་བརྒྱུད་ཕེབ་ལེན་ལ་ཆོས་རྗེ་རང་གི་གསོལ་བ་བཏབ་པའི་ངོར་ཕོ་བྲང་རང་དུ་བཞུགས་གདན་འཇགས་རྩིས་ཡིན་ཕེབ་བྱུང་བས་ས་དང་པོ་ཐོབ་པ་ལྟར་གྱུར།། ༈ ལྕགས་བྱ་ལོ་སྟེང་དུ་སོང་བས་ཚེ་སྒྲུབ་རྒྱས་ཙམ་དང༌། སྤར་སྨེ་སོགས་ཀྱི་རིམ་གྲོ་བྱས་སྐབས་ཁྱུ་འབུམ་དང་ཉག་རེ་ནས་འབུལ་སྐྱེལ་བ་སོགས་ཁམས་འགྲུལ་ཁ་ཤས་འབྱོར། ཇ། རྟ། མཛོ། གཡག་སོགས་འབུལ་དཔོན་བླ་མའི་ཡི་གེ་དང་ངག་བཀོད་ལྟར་གཉེར་པ་ཨ་ནུ་རྒྱལ་དང་ཀུན་དགའ་དར་རྒྱས་ཀྱིས་རྩིས་ལེགས་པར་སྤྲད། འདི་སྐབས་གོང་མ་ཁུ་དབོན་གྱི་ཕྱག་མཛོད་དུ་རྣམ་སྲས་ཀྱི་སྒྲུབ་པ་གནང་ནས་རྒྱང་ཙམ་སོང་བ་དང༌། རྣམ་སྲས་ཀྱི་སྒྲུབ་པ་ཞིག་བྱས་ན་ལེགས་པ་འོང་འདྲ་བསམ། རྟེན་དང་གཏོར་མ་དགོས་འདོད་འབྱུང་བ་ནས་བཤད་པ་ལྟར་ཕྱི་ནང་གསང་བའི་རྟེན་དང་འཁོར་ལོ་སོགས་སྒྲུབ་པའི་རྫས་རྣམས་མ་ཚང་བ་མེད་པ། སྤྱན་གཟིགས་སོགས་མཐོང་བས་ཡིད་འགུལ་བ་བཤམས་ཏེ། ངེད་རང༌། མ་ཡུམ་སྐུ་སྐྱེ། བླ་མ། དགེ་སློང༌། མཆོད་གཡོག་བཅས་ཀྱིས་རྒྱལ་ཕུར་གྱི་འགྲུབ་སྦྱོར་མཛོམས་པར་དབུ་བཙུགས་ཏེ་ཕྱག་རྡོར་གོས་སྔོན་ཅན་གྱི་བསྙེན་པ་བྱས། དེ་ནས་དགེ་སློང་བརྒྱད་ཀྱིས་དགོས་འདོད་འབྱུང་བ་ནས་བཤད་པའི་ཚོགས་སྒྲུབ་ཟླ་བ་གཅིག་གི་རིང་བྱས་པར་ཕྱག་རྡོར་དང་རྣམ་སྲས་ཀྱི་སྐུ་བརྙན་རྣམས་ནམ་མཁར་འཕར་བ་དང༌། སྤྱན་གཟིགས་ཀྱི་མཚོན་ཆ་བར་སྣང་དུ་ཁྱེར་ནས་རྒྱང་ཙམ་ནས་རང་གནས་སུ་སྐྱེལ་བ། སིལ་སྙན་རང་ཁྲོལ་དང༌། རྔ་བརྡུང་བ། དུང་འབུད་པ་སོགས་ཆོས་སྐྱོང་འཁོར་བཅས་ཐུགས་འཁུལ་བའི་ཚུལ་དང༌། གཟི་བརྗིད་ཀྱིས་ཁེངས་པར་གྱུར། གསེར། དངུལ། ལུང་ཐང༌། ཇ། འབྲུ་སོགས་བར་སྣང་ནས་དངོས་