R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༥༠
[A:༢༥༠]གྲུབ་ཀྱི་ཚུལ་དུ་ཡི་གེ་དང་བཅས་མཆོད་བཤམ་ཁར་འཕང་བ། རིགས་བརྒྱུད་དང༌། བླ་བྲང༌། དགོན་གནས། མཆོད་གཞིས་དང་བཅས་པ་འཕེལ་ཞིང་དར་རྒྱས་དགོས་ཚུལ་གྱི་ཡི་གེ་གཏོར་མའི་མདུན་དུ་བཞག་པ་རེ་ཞིག་ནས་མི་སྣང་བར་གྱུར་པར། ཕྱི་ཉིན་རིགས་བརྒྱུད་འབྱུང་བ་དང༌། རིམ་གྲོ་སོགས་སྤང་བླང་བྱེད་དགོས་ལུགས་ཐབས་དང་རྟེན་འབྲེལ། དར་རྒྱས་སོགས་འོང་བའི་ལུང་བསྟན་གྱི་ཡི་གེ་གསལ་བ་བྱུང་ཞིང༌། ཡང་གནོད་སྦྱིན་རྒྱལ་པོ་འཁོར་བཅས་ཀྱི་ཡི་གེ་སོ་སོར་འདུག་པར་རྟ་བརྒྱད་རྣམས་སོ་སོའི་མིང་གི་ཁ་ཡིག་དང་རྣམ་ཐོས་ཀྱི་ཞེས་པའི་ཁ་ཡིག་འདུག་པའི་ནང་དུ་འདི་བཞིན་འདུག་གོ། ༈ ཁྱབ་བདག་རྡོ་རྗེ་འཛིན་དང་གསང་བའི་བདག །འགྲོ་བཟང་སྙིང་པོ་ཟངས་མཁར་ལོ་ཙཱ་བ། །ཁྲོ་ལོ་ཆེན་པོ་བུ་སྟོན་ཡབ་སྲས་སོགས། །མཆོག་སྩོལ་རྩ་བརྒྱུད་བླ་མའི་ཞབས་ལ་འདུད། །དབང་སྔོན་རི་བོའི་སྤོ་ལ་མཚམས་སྤྲིན་གྱི། །ཅོད་པན་གཡོ་འདྲའི་འཇིགས་རུང་ཁྱོད་ཀྱི་སྐུ། །ཧ་ཧའི་གད་རྒྱངས་འབྲུག་སྟོང་དགོད་པ་ཡི། །གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །གངས་རི་ལྟར་དཀར་སེང་ཆེན་འགྱིང་བའི་སྟེང༌། །བཙོ་མའི་གསེར་ཞུན་ལྟར་བརྗིད་ནོར་སྦྱིན་དབང༌། །རྒྱལ་མཚན་ནེའུ་ལེས་ནོར་བུའི་གྲུ་ཆར་འབེབས། །བསྟན་སྲུང་ངལ་བསོས་དབང་པོར་ཕྱག་འཚལ་ལོ། །དེ་ལས་ཕུན་ཚོགས་དགེ་བ་གང་ཐོབ་པ། །བློ་གྲོས་ཁང་བཟང་སྙན་བརྒྱུད་ནོར་གྱིས་གཏིབས། །རྒྱལ་མཚན་འཕྱར་བའི་གཟི་བརྗིད་ཁམས་གསུམ་འགེངས། །དཔལ་འབྱོར་བཟང་པོས་དབུལ་ཕོངས་ཞི་བར་ཤོག །སྐྱབས་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང༌། །རྒྱལ་ཆེན་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་དང༌། །ཆོས་དབྱིངས་རྣམ་དག་བདེན་པའི་བྱིན་རླབས་ཀྱིས། །ལུས་དང་