R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༢༣
[A:༡༢༣]སྲས་སྐུ་དྲིན་ཁོ་ནར་སེམས། །གུར་མགོན་ཆོས་སྲུང་སྤྲིན་བཞིན་འདུ་བའི་ས། །བསམ་གཏན་རང་བཞིན་འཕེལ་བ་ཡ་མཚན་གནས། །བཀའ་གདམས་རི་བའི་སྒོམ་ཁང་རི་ཁྲོད་དུ། །དཀོན་མཆོག་བཟང་པོས་སྤྱན་དྲངས་ཞབས་ཀྱིས་བཅགས། །སྲུང་མར་ཕྲིན་བཅོལ་རབ་གནས་མེ་ཏོག་གཏོར། །སྐུ་ཡི་སྣག་དཔོན་འཇམ་དབྱངས་ཆོས་ཀྱི་རྗེ། །རྒྱལ་ཚབ་མཛད་དེ་ངེས་གསང་ཆོས་འཁོར་བསྐོར། །རྒྱ་ནག་གོང་མ་ཏ་མིང་ཆོས་རྒྱལ་གྱིས། །སྙན་པ་གསན་ནས་གདན་འདྲེན་བྱུང་བའི་ཚེ། །མཁྱེན་རབ་ཆོས་རྗེའི་ལུང་བསྟན་ཐུགས་བཞག་ནས། །ཆོས་ཀྱི་འོད་ཟེར་གཞན་ཕན་ཆེར་དགོངས་ནས། །ཚབ་ཏུ་བཏང་བས་རྒྱལ་པོས་ཏི་ཤྲཱིར་བཀུར། །གསེར་ཁང་ནུབ་ཀྱི་ཁྲིར་བཞུགས་ཆོས་འཁོར་བསྐོར། །ཁྱད་དུ་འཕགས་པའི་རྟེན་གསུམ་དུ་མ་དང༌། །ལས་ཞྭ་འཛམ་གླིང་རྒྱན་དང་ལས་གོས་ལ། །པདྨ་སྟོང་ལྡན་ཁྱད་དུ་འཕགས་པའི་བེར། །གསེར་སྲང་ལྔ་བརྒྱ་ལས་གྲུབ་དམ་ཁ་དང༌། །ཚེ་སྲིད་ལ་སོགས་མིང་འཛིན་བཅོ་ལྔ་བསྐོས། །ས་དཀར་དང་མཚུངས་ལུང་དང་འཇའ་ས་གནང༌། །དཔག་པར་དཀའ་བའི་ལོངས་སྤྱོད་དང་བཅས་ཏེ། །འཇམ་དབྱངས་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕུལ། །དེ་མཐུན་སྣེའུ་གདོང་ནས་གོང་མའི་ལུང༌། །ཇི་བཞིན་བཀུར་ནས་ཆོས་གཞིས་སོགས་ཀྱང་སྩལ། །བླ་བྲང་བཅོ་བརྒྱད་ལྕང་ལོ་ཅན་དུ་གྲགས། །རྡོ་རྗེ་འཆང་དབང་བློ་གྲོས་རྒྱལ་མཚན་དཔལ། །མཁྱེན་རབ་རྗེ་དང་རྗེ་བཙུན་ཀུན་སྤངས་པ། །ཚར་ཆེན་ལ་སོགས་མཁས་གྲུབ་དུ་མ་ཡིས། །བྱིན་བརླབས་དམ་ཅན་སྤྲིན་བཞིན་འདུ་བའི་གནས། །ཁའུ་བྲག་རྫོང་ཉིད་དང་དབྱེར་མེད་པའི། །དབེན་གནས་