[A:༡༢༤]སྒོམ་ཁང་དུ་ཡང་གུར་མགོན་དང༌། །ཡུམ་ཆེན་འདོད་ཁམས་དབང་ཕྱུག་ལས་མགོན་སོགས། །ལེགས་པར་བཞེངས་ཏེ་རྒྱལ་བའི་བསྟན་པ་དང༌། །དེ་འཛིན་རྣམས་ཀྱི་མགོན་སྐྱབས་སྲུངས་ཤིག་པའི། །དམ་བསྒྲགས་འོག་མིན་ཞིང་ནས་ཆོས་སྲུང་རྣམས། །དངོས་སུ་སྤྱན་དྲངས་བསྟིམ་པར་མཛད་པ་ཡི། །ལས་བཞི་མཐའ་དག་བསྒྲུབ་པའི་ཕྲིན་ལས་བཅོལ། །སྐུ་ཞང་ལེགས་པ་མཆེད་ལ་སྲས་གཉིས་འཁྲུངས། །བསོད་ནམས་ལྷུན་གྲུབ་ཁྲིར་ཕེབ་ཆོས་འཁོར་བསྐོར། །གཅུང་པོ་ལྷ་དབང་རྡོ་རྗེས་སྲིད་བསྐྱངས་ཤིང༌། །དེ་སྲས་དང་པོ་འདྲེན་མཆོག་ཆོས་ཀྱི་རྗེ། །མཆོག་ལེགས་རྡོ་རྗེས་མཁས་གྲུབ་དུ་མ་བསྟེན། །གདན་སར་ཕེབ་སྟེ་དམ་ཆོས་རྒྱ་ཆེན་སྩལ། །སྐལ་ལྡན་འགྲོ་རྣམས་སྨིན་གྲོལ་ལམ་ལ་བཀོད། །གཉིས་པ་རིན་ཆེན་དཔལ་འབྱོར་གདུང་འཛིན་པའི། །སྲས་ཀྱི་ཐུ་བོ་བདག་གི་འདྲེན་པ་ནི། །མཐའ་ཡས་ཤེས་བྱའི་ཆོས་ཀུན་མཁྱེན་བརྩེའི་གཏེར། །རབ་འབྱམས་དཀྱིལ་འཁོར་ཀུན་གཙོ་ཧེ་རུ་ཀཿ །ངུར་སྨྲིག་བསྟན་པའི་རྒྱལ་མཚན་འཛིན་མཁས་པ། །དཔལ་འབྱོར་བཟང་པོའི་གཟི་འོད་ཆེར་འབར་བ། །འཇམ་དཔལ་དབྱངས་དངོས་ཀུན་དགའི་མཚན་ཅན་གྱིས། །ཀུན་མཁྱེན་ཆེན་པོའི་མི་འཇིགས་སེང་གེའི་ཁྲིར། །མངའ་གསོལ་ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར། །མཐའ་ཡས་འགྲོ་རྣམས་སངས་རྒྱས་སར་བཀོད་དེ། །མཆོག་གི་གོ་འཕང་བརྙེས་ནས་ཕན་བདེ་སྩོལ། །བྱང་ཆུབ་སེམས་རྒྱུད་ལྡན་པའི་རྟ་མགྲིན་དང༌། །ལུགས་གཉིས་ལ་མཁས་སྒྱུ་རྩལ་གེ་སར་ལ། །འགྲན་པར་ནུས་པའི་དཔའ་བོ་ཚེ་དབང་དང༌། །རིག་སྔགས་འཆང་བ་འཇམ་དབྱངས་པ་དང་བཞི། །བར་པའི་སྲས་ལ་རྗེ་དཔོན་རིན་པོ་ཆེ། །དཀྱིལ་འཁོར་རྒྱ་