R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༢༥
[A:༡༢༥]མཚོའི་དབང་ཕྱུག་ངུར་སྨྲིག་འཆང༌། །འདོད་རྒྱལ་རྣམ་སྤྲུལ་ངག་གི་དབང་པོ་མཆོག །གོང་མའི་རྒྱལ་ཚབ་བསྟན་པའི་རྒྱལ་མཚན་འཛིན། །ཕྲིན་ལས་ལྷུན་གྲུབ་སྐལ་ལྡན་རྗེས་འཛིན་བྱོན། །ཨ་ཧོ་ངོ་མཚར་རིགས་ཀྱི་ཆུ་གཏེར་ལས། །སོན་པའི་མཁས་གྲུབ་ཡིད་བཞིན་ནོར་བུའི་ཕྲེང༌། །ཆོས་སྲིད་རྒྱལ་མཚན་གཙུག་ན་མཛེས་པ་འདི། །སྐྱེ་རྒུའི་ལེགས་བྱས་དཔལ་ལས་གཞན་དུ་ཅི། །མཐོ་མཐོའི་རིགས་ཀྱི་ལྷ་ལམ་ཡངས་པའི་ངོས། །མཁས་མཁས་དམ་པའི་སྣང་བརྙན་ཚ་ཟེར་ཅན། །མང་མང་རིམ་པར་ཤར་བའི་ཕྲིན་ལས་ཀྱི། །བཟང་བཟང་མཛད་པའི་གཟི་བྱིན་བརྗོད་ལས་འདས། །ཆ་ཙམ་མཛད་པ་རང་རང་རྣམ་ཐར་དུ། །ཡོད་མོད་བདག་འདྲའི་བློ་གྲོས་ཆེས་རྟུལ་བས། །མི་ཤེས་ངལ་དུབ་ཡི་གེའི་ཚོགས་ཆེས་པས། །ཟུར་ཙམ་བརྒྱུད་པའི་ངེས་ཁུངས་ཙམ་དུ་བཀོད། །རྣམ་དཔྱོད་རིགས་ཀྱི་ལྷུན་སྡུག་གངས་རི་ལས། །འོངས་པའི་མེས་པོའི་ཆུ་ཀླུང་དལ་བབས་རྒྱུན། །མི་ཉམས་བདག་ཡིད་ལུས་རྟེན་འཛིན་མ་རུ། །འཁྱིལ་བའི་གཏམ་རྒྱུད་བློ་ལྡན་རྣ་བར་མཛེས། །ཞེས་རིགས་རུས་ཀྱི་རྒྱུ་མཚན་འགོད་རྒྱུན་འདུག་པ་ལྟར་ཚིགས་སུ་བཅད་དེ་ཉུང་བསྡུས་སུ་བཀོད་པའི་བརྒྱུད་པ་དེ་ལས་བྱུང་བའི་བདག་གི་ཡབ་རྗེ་སྦས་པའི་རྣལ་འབྱོར། ཁུ་བོ་ཆོས་ཀྱི་སྤྱན་ལྡན་གྱི་མཆེད་ཟླ་ཐ་ཆུང་རིམ་གཉིས་ཟབ་མོའི་ཐུགས་དམ་གྱིས་དུས་འདའ་ཞིང༌། དབང་བསྐུར་བ་དང་འགྲོ་དོན་དུ་གཤེགས་པ་ན་ལྷ་རྣམས་ཀྱིས་དགའ་སྟོན་དུ་མེ་ཏོག་གི་ཆར་དང༌། འཇའ་འོད་ཀྱི་གུར་སོགས་ལྟས་ངོ་མཚར་བ་དང༌། །ལྷ་འདྲེ་གདུག་པ་ཅན་རྣམས་ཀྱིས་གཙོས་པའི་རིགས་ལ་བདེན་བརྡར་གྱིས་