[A:༢༨༥] འཁོར་རྣམས་གནས་བརྟན་བཅུ་དྲུག་སོགས་དགྲ་བཅོམ་པ། ཡོན་བདག་རྒྱལ་པོ་ཧ་ཤང་ཡང་གཟི་བརྗིད་ཆེ་ལ་བག་དྲོ་བ། རྟ་སྤུ་ལོག་ལ་ཆིབས་པ། གཞན་ཡང་མཆོད་པའི་ལྷ་ཕོ་མོ་རྣམས་ཀྱིས་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་སོགས་མཆོད་རྫས་དུ་མ་ཐོགས་པས་བར་སྣང་ཁེངས་བ་མཐོང༌། དད་མོས་ཀྱི་སྣང་བ་བྱུང་ཚེ་སེམས་སྤྲོས་བྲལ་གྱི་ངང་དུ་རེ་ཞིག་ལུས། ཇི་ཞིག་ནས་གཉིད་སད། ཅི་ཡིན། ངོ་མཚར་ནི་ཆེ་སྙམ་པ་བྱུང༌། ཕྱིས་སུ་བསམས་ན་རིགས་བརྒྱའི་ཁྱབ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ལྔ་པ་ཆེན་པོ་ཉིད་བསྟན་འགྲོ་རྣམས་ལ་ཕན་བདེ་སྩོལ་ཕྱིར་སྐུ་དྲུག་པར་འཕོ་ཚུལ་སྟོན་སླད། ལྷོ་མོན་མཚམས་སུ་མཉམ་མེད་ཨོ་རྒྱན་ཆེན་པོའི་སྒྲུབ་གནས་སུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཨོ་རྒྱན་གླིང་པའི་གདུང་དུ་སྤྲུལ་པའི་ཟློས་གར་བསྒྱུར་ཏེ་འཛམ་གླིང་སའི་ལྟེ་བ་ཕོ་བྲང་ཆེན་པོ་རི་བོ་གྲུ་འཛིན་དུ་ཕེབ་སྟེ་འགྲོ་བ་རྣམས་རྫོགས་ལྡན་གྱི་བདེ་བ་ལ་འགོད་པའི་བརྡར་གོ །མཇལ་ཁར་ཕྱིན་སྐབས་ཨེ་མ་ཆི་ལགས་ཀྱིས་སྐུ་བགྲེས་ཤིང་བསྙུན་གཞི་ཡང་རོ་མར་སོང་བས་གཉེན་དྲུང་གི་ཚ་ཆུར་ཕྱིན་པ་འགབ་ཚུལ་སྦང་བླང་གི་བསླབ་སྟོན་གནང་བ་བཞིན་ངེད་དཔོན་སློབ་བཞི་བཅུ་སྐོར་གྱིས་ཕྱིན་པས་སྤྲགས་ཀྱི་མདོར་རྟ་ཐོག་ཏུ་གཉིད་ཟེ་རེ་བ་ཞིག་ལ་འབྲོག་པ་དང་འབྲོག་མོ་རྒྱན་ལྡན་གཉིས་ཀྱི་རྐྱལ་པ་གཉིས་ཁུར་འདུག་པ་ཕྱག་དབང་ཞུ་བའི་ཚེ་རྐྱལ་པ་ཁ་བཤིག་པ་ནོར་བུས་གང་འདུག་པ་བྱིན་བྱུང་བ་ནི་ལྷ་ཆེན་ཡབ་ཡུམ་གྱི་དངོས་གྲུབ་ཀྱིས་བསུ་བར་གོ །བོད་སོག་གི་རུ་བ་རྣམས་ཀྱིས་བསྙེན་བཀུར་རྒྱས་པར་བྱུང༌། དབང་དང༌། བྱང་བུ། བསྔོ་སྨོན། མ་ཎིའི་ལུང༌། སྔགས་མདུད། བྱིན་རྟེན། སྟེར་སྦྱིན་སོགས་ཀྱིས་ཚིམ་པར་བྱས། ཆོ་ཧོར་ནས་འབུལ་སྡུད་