[A:༢༨༦]བླ་མ་བསམ་འཕེལ་དང༌། བུམ་རྫ་དང་ཉེ་བ་ནས་བླ་མ་སྐུ་སྐྱེ་རིན་པོ་ཆེས་འབོད་མི་འབྱོར་བ་ནས་གནམ་མཚོར་བསྐོར་བ་ཞིག་ཀྱང་སྔར་སོར་ཕྱིན་དུས་མ་གྲུབ་པས་ལ་རྒན་བརྒྱུད་ཕྱིན་སྐབས། རྡ་རོ་ཁ་ཞིག་གིས་བོས། སྟོན་མོ་དང་སྟེར་སྦྱིན་བཟང་བར་བྱས་པར་བསྔོ་སྨོན་དང༌། སྦྲ། ནོར་ལུག་སོགས་ལ་ཤིས་བརྗོད་ཀྱི་མེ་ཏོག་གཏོར་སྐབས་ཟིམ་བུའི་ཆར་གྱིས་བསུ་བ་བྱུང༌། བསང་མཆོད་རྒྱས་པར་ཕུལ་ཏེ། ཕྱིན་པས་ནམ་མཁའ་གཡའ་དག་ཅིང་མེ་ཏོག་གི་ཆར་དང༌། མཚོ་ཞལ་ཤིན་ཏུ་དྭངས་པའི་ཆུའི་གཉེར་མ་རྣམས་འཇའ་ཚོན་ཁ་དོག་སྣ་ལྔ་བཀྲ་བར་རྒྱུག་པ་དང༌། འཁྱིལ་ནས་མཚོ་དཀྱིལ་དུ་རླབས་གུར་ཙམ་གཡོ་བ་སོགས་ལྷ་ཆེན་ཟུར་ཕུད་ལྔ་པ་དང༌། ཡུམ་རྡོ་རྗེ་ཕྱུག་མོ་མཉེས་པའི་རྣམ་འགྱུར་བསྟན་པར་གོ་ཞིང༌། མཚོ་རྫས་དཀར་ཡོལ། གསེར་དངུལ་སོགས་རིན་པོ་ཆེའི་རིགས། གོས་དར་དང༌། འབྲུ་སྣ། སྟག་རས། གཟིག་རས་སོགས་རྒྱས་པར་ཕུལ་བ་ན་མཚོ་སྟེང་དུ་ཐག་རིང་བར་མ་བྱིང་བར་སོང་སྟེ། དེ་ནས་མཚོ་ནང་དུ་བཞེས། བསང་དང་ཕྲིན་བཅོལ་རྒྱས་པར་ཞུས་ཏེ་ཕྱིན། ཐང་ལྷའི་སྐུ་མདུན་དུ་དཀོན་མཆོག་སྤྱི་འདུས་ཀྱི་ཚོགས་འཁོར་དང༌། བསང་མཆོད། གསོལ་ཁ་རྒྱས་པར་ཕུལ། སྐུ་མདུན་མཐོང་ས་ཞིག་ཏུ་གསོལ་ཁ་འབུལ་པར་མཆོད་དཔོན་དགེ་འདུན་གཡོག་བཅས་བཏང༌། རིམ་གྱིས་ངམ་ཆུ་བརྒལ་ཏེ་ཕྱིན་པས་འདམ་སོགས་ལམ་ལོག་ཞིག་ཏུ་འགྲོ་གྲབས་བྱས་པས། ག་ནས་འོང་ཆ་མེད་པའི་མི་ཞིག་བྱུང་སྟེ་ལམ་བསྟན་པ་ནི་གཉེན་གྱི་རྒྱལ་པོས་བསྟན་པ་ཡིན་འདྲ་བསམ་མོ། །བོད་སྐྱོང་ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །ཡུམ་མཆོག་རྡོ་རྗེ་ཕྱུག་མོ་དང་བཅས་པའི། །བླ་མཚོ་གནམ་སྔོན་ཞུན་མར་འཁྱིལ་འདྲ་ལ། །མཆོད་རྫས་དངོས་འབྱོར་ཡིད་སྤྲུལ་