[A:༢༩༡] ཡོན་བདག་ཕོ་མོ་རྣམས་ལ་ཀུན་རིག་གི་དབང་ཉིན་གཉིས་ཀྱི་རིང་མང་བ་ཞིག་བྱས། གྲྭ་པ་རྣམས་ཀྱིས་སྟོན་མོའི་ཐོག་གྲྭ་པ་རེར་འབྲི་རེ་ཕུལ་སོང་ཞིང༌། ཡོན་བདག་རྣམས་ཀྱིས་བསྙེན་བཀུར་དང༌། རྟ་ནོར་གྱི་སྟེར་ཆ་མང་དུ་བྱུང༌། ཚེ་དབང་དང་རྟ་མགྲིན་སོགས་ཀྱི་རྗེས་གནང༌། བྱང་བུ། བསྙེན་གནས། སྐྱབས་སྡོམ། བསྔོ་སྨོན་སོགས་འདོད་ཆོས་དང༌། བྱིན་རྟེན་རྒྱས་པར་བྱས། དེ་ནས་བསྐྱོད་དེ་གཉན་དྲུང་དུ་འབྱོར། དྲི་ཟའི་རྒྱལ་པོར་གསོལ་མཆོད་རྒྱས་པར་ཕུལ། དེ་སྐོར་རུ་བ་རྣམས་ཀྱིས་བསྙེན་བཀུར་ཡང་དག་བྱུང་བར་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་དང་སྟེར་སྦྱིན་སོགས་གང་ལ་གང་འཚམས་པར་བྱས། རིམ་གྱིས་སྤྲགས་སུ་འབྱོར། འབྲོག་པ་རྣམས་ཀྱིས་རྙེད་བཀུར་ལེགས་ཤིང༌། ཞང་ལྷར་སོང་བས་སྦྲགས་བཙན་གྱི་མཁར་ལ་གསོལ་ཁ་ཕུལ། ཕོ་རོག་ལ་ནས་དར་ཡུལ་དུ་སླེབས། དགོན་ལག་སྒོམ་ཁང་དུ་ངེད་རང་གི་ཆོས་མཛད་མ་ངག་དབང་བཟང་མོ་འཕྲད་པར་ཕྱིན། ཞག་གསུམ་བསྡད། སྐྱེས་མ་རྒྱས་པར་ཕུལ་ཞིང༌། མཁས་གྲུབ་དམ་པ་ཉན་པོ་ཆོས་རྗེ་བསོད་ནམས་བསྟན་འཛིན་རྒྱལ་པོ་བསུ་བར་ཕེབ་པར་རྟ་ལེགས་ཞིག་ཀྱང་སྐྱེས་སུ་ཕུལ། སྒོམ་ཁང་དུ་མང་ཇ་དང༌། སྤྱི་སར་འབྲི་ཞིག་བྱིན། རིམ་གྱིས་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོའི་གདན་ས་དཔལ་རྒྱུན་གྱི་དབང་པོར་འོང་སྐབས་བཀྲ་ཤིས་གླིང་དུ་བླ་ཁག་ལས་ཚན་དང་བཅས་པས་ཐབ་བསུ་དང༌། དགོན་གནས་ནས་བླ་བྲང༌། ཁམས་ཚན་སོ་སོས་ལྷ་བསང་དང༌། དར་འཕྱར། དུང་འབུད། རྒྱ་གླིང་སོགས་མཆོད་རྫས་དུ་མ་དང་བཅས་དགེ་འདུན་རྣམས་ཀྱིས་སེར་ཕྲེང་གི་མདུན་བརྡར་དེ་གསང་ཆེན་དབྱར་རྔ་སྒྲོགས་པའི་བསྟི་གནས་བླ་བྲང་ལྕང་ལོ་ཅན་དུ་སླེབས། དེ་འཕྲལ་སེར་ཇ་ཞུས། ཕྱི་ཉིན་མང་ཇ་སྦྱོར་སྦྲེལ་ཐོག་བླ་ཁག་རྣམས་ལ་རྟ་རེས་