[A:༢༩༢]གཙོས་ཚན་གྲངས་དང༌། ཚོགས་སུ་ཞོན་རྟས་གཙོས་ནོར་གྱི་སྤྱི་འབུལ་གཟབས་པར་ཕུལ། ཐག་ཉེའི་ཡོན་བདག་འཕྲད་པར་བྱུང་བ་རྣམས་ལ་བབས་འབྲེལ་དང་བསྟུན་པའི་སྐྱེས་མ་བྱིན། གཞིས་སུ་འོང་དགོས་ཚུལ་བྱུང་བ་བཞིན་ཕྱིན། སྐྱེས་མ་གཟབས་པ་དང༌། གཡོག་རྣམས་ལ་སྟེར་སྦྱིན་བྱས། རྒྱུན་གྱི་དབང་པོའི་ཆོས་གྲྭ་འབྱོར་ནས་ཕོ་བྲང་ཆེན་པོར་མཇལ་ཁར་བཅར་ཏེ་རྟ་ནོར་གྱིས་གཙོས་འབུལ་བ་དཔངས་མཐོ་བར་ཕུལ། སྟོན་མོ་རྒྱས་པར་སྩལ། མཆོད་དཔོན་ལགས་དང༌། དགེ་སློང་རིན་པོ་ཆེ། ཨེམ་ཆི་ལགས། དགེ་སློང་ངག་དབང་དཀོན་མཆོག །གསོལ་དཔོན་སྔགས་རམས་པ་ལགས། དྲུང་ཡིག་ལགས། གཟིམས་དཔོན་ལགས། མགྲོན་གཉེར་ལགས་སོགས་ལ་རྟ། མཛོ་མོ་སོགས་ཀྱི་སྐྱེས་མ་གཟབས་པར་ཕུལ། སོ་སོ་ནས་ཤིན་ཏུ་དགྱེས་ཤིང་གང་ཅིའི་བསླབ་སྟོན་གསོལ་ཇ་སོགས་གནང༌། དགེ་སློང་རིན་པོ་ཆེར་གསང་སྒྲུབ་ཞལ་བཞི་པའི་རྗེས་གནང་ཞིག་ཕུལ། ས་དབང་ཆེན་པོར་ཐོན་ཕྱག་ཞུས་ནས་ཤིན་ཏུ་དགྱེས་པའི་དྲི་བ་དང་གནང་སྦྱིན་སྩལ་ཏེ་བསྟི་གནས་སུ་འབྱོར། དགོན་ཁག་གི་གྲྭ་རིགས་ཡོན་བདག་རྣམས་འཕྲད་པར་བྱུང་བས་སྐྱེས་ཀྱི་སྟེར་སྦྱིན་བྱས། སྒོམ་ཁང་ནས་སྲིང་མོ་གྲིབ་སྐྱོན་བྱུང་བས་འབོད་མི་བྱུང་འཕྲལ་དུ་ཕྱིན་པས་ཁམས་མ་འཚོ་འདུག་པར་འཕོ་བ་དང༌། ཞག་གསུམ་རིང་ངེད་རང་ནས་ཀུན་རིག་གི་ཆོ་ག །ལྷོ་སྒོ་དང་དབང་བསྐུར་སོགས་བྱས་ཤིང༌། དགུང་ཞག་པ་བཅུ་སྐོར་གྱིས་ཆོ་ག་དང༌། གཏོར་མ་སོགས་བྱས། ཞག་གསུམ་དང༌། དངོས་གཞིའི་ཉིན་ཚོགས་ཆེན་དང༌། བདུན་ཚིགས་རྣམས་སུ་དར་ཡུལ་རང་གི་དགོན་ཁག་རྣམས་བསྡུས་ནས་སོ་སོའི་ཆོ་ག་དང༌། ས་སྐྱར་རྟ་ལེགས་པ་གཅིག་བཅས་བྱང་ཞུས། གཞན་མ་བླ་ཁག་ཆེ་བ་རྣམས་སུ་བྱང་ཞུས་དང༌། ཆུང་བ་རྣམས་སུ་