[A:༢༩༤] གཏོང་སྒོ་སོགས་ཀྱི་འགྲོ་གྲོན་ཆེ་གཤིས་དང༌། ཆོས་གཞིས་ཆེར་ཞན་པ་དང་བཅས་ལོ་གསུམ་རེ་ནས་འཕེན་ཡུལ་སྟོད་སྨད་དུ་དབང་གཞིས་བྱེད་དགོས་ཀྱིན་ཡོད་པའི་སྟབས། སྐབས་ཤིག་འཇོག་པོ་ཕྱིན་སྐབས་ཁྲོམ་དབང་གི་དུས་ནམ་མཁའ་འཇའ་འོད་ཀྱིས་ཁེངས་པའི་དབུས་སུ་མཁའ་འགྲོ་རྣམས་ཀྱིས་མཆོད་པའི་ཡོ་བྱད་དུ་མ་དང་བཅས་ཏེ་འཇའ་ཚོན་གྱི་མདོ་ལེ་ལྟ་བུས་བཏེགས་པའི་དཀྱིལ་དུ་རྗེ་བཙུན་མཁའ་སྤྱོད་གཙོ་མོ་བཞུགས་པའི་ཞལ་མངོན་སུམ་དུ་མཐོང་བས་མོས་གུས་དུང་དུང༌། སེམས་དགའ་བདེའི་རང་བཞིན་དུ་དར་ཅིག་གནས་པ་ནི་སྐྱེ་བ་སྔ་མ་ནན་ཏན་དུ་བསྒྲུབས་པའི་ནུས་མཐུ་དང༌། གནས་དེར་རཱ་ཧུ་ལ་བཛྲ་དང༌། ཁྱུང་པོ་རྣལ་འབྱོར་གྱི་སྒྲུབ་གནས་སུ་སོང་བས་བྱིན་རླབས་མངོན་དུ་སྩལ་བར་འདུག་གོ །ཁྱབ་བདག་དང་པོའི་སངས་རྒྱས་གདོན་མའི་མགོན། །རྒྱུ་སྐར་བདག་པོ་སྤྲུལ་པའི་དཀྱིལ་འཁོར་དུ། །རིགས་དབོན་དམ་པ་གཙོར་གྱུར་སྐལ་བཟང་ལ། །སྨིན་བྱེད་དབང་གི་ས་བོན་ལེགས་པར་བཏབ། །དེ་ཚེ་འཕགས་པའི་ཡུལ་ནས་ཛྭ་ཀི་ཞིག །ལྷག་པའི་ལྷ་ཡི་ཐུགས་རྗེས་ལེགས་བསྐུལ་ནས། །གུ་རུ་ཁྱེད་ཀྱི་དབང་རྫས་འདི་ན་ཞེས། །བགྲང་ཕྲེང་དུང་ཆོས་ཁྱད་མཚར་སྐྱེས་སུ་བྱིན། །སྤྲུལ་ཞིང་མཁའ་ལ་སྤྱོད་པའི་གནས་ཀྱི་གཙོ། །རིང་ནས་བསྐྱངས་པའི་ཡི་འོང་ལྷ་མོ་དེས། །སྐྱེ་བར་འབྲལ་མེད་རྗེས་སུ་འཛིན་པའི་བརྡར། །སྐུ་ཡི་སྣང་བརྙན་མངོན་སུམ་གསལ་བར་བསྟན། །ཁྱུང་འབུམ་གྱིས་འབུལ་སྐྱེལ་ཕྱིར་རྫོང་སོགས་རིམ་སེལ་སྔར་འཁྱུད་དང༌། ཕོ་བྲང་ཆེན་པོར་གོང་ས་ཡས་ཕྱིན་མཇལ་ཁར་ཕྱིན་པར་བདག་རྐྱེན་གཞན་དང་མི་འདྲ་བར་བཀའ་དྲིན་བསྐྱང༌། རྡོ་རྗེ་འཛིན་པ་ཆེན་པོ་དགེ་སློང་རིན་པོ་ཆེར་རྟ་མགྲིན་ཡང་གསང་གི་དཀྱིལ་འཁོར་དུ་བཀའ་དབང་རྒྱས་