R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༩༦
[A:༢༩༦]གཟབས་རྒྱས་དང༌། ཚོགས་པར་ཀྱང་འགྱེད་གྱ་ནོམ་པར་མཛད་ཅིང༌། དེ་དག་ཟབ་པ་ཆོས་ཀྱི་དབྱིངས་དང༌། རྒྱ་ཆེ་བ་སེམས་ཅན་གྱི་དོན་དུ་རྒྱས་འདེབས་ཡང་དག་པར་བྱས། འགྲུལ་པ་གཞན་རྣམས་ཀྱིས་ཀྱང༌། ཇ། རྟ་ཕྱུག་སོགས་ཆེ་འབྱོར་ཆུང་འབྱོར་གྱི་འབུལ་བ་མང་བར་བྱུང་བའང་བསྔོ་སྨོན་གྱི་རྒྱས་བཏབ། དགུན་ཚ་བ་བླ་མ་བཀྲ་ཤིས་ཚེ་རིང་དང༌། སྤྱི་ཆེན་འབུལ་སྡུད་བླ་མ་དབུ་མཛད་བཅས་འབྱོར། ཚོགས་སུ་སྟོང་ཆོག་མཛད་པའི་གྲལ་དབུར་ཕྱིན། རྟ། དྲིའུ། ཇ། མཛོ་ཕྱུགས་སོགས་མང་བར་བྱུང་ཞིང༌། བྱང་བུ་དང་དགེ་བ་རྫོགས་བྱང་དུ་བསྔོས། དུས་ཆེན་ཁག་རྣམས་གྲུབ་འཕྲལ་དབོན་རིན་པོ་ཆེ་དང༌། མཚུངས་མེད་ཆོས་རྗེ་རིན་པོ་ཆེ། གླིང་སྨད་ཞབས་དྲུང༌། གླང་ཐང་གྲྭ་ཚང་གི་དྲུང་ཆེན། གསང་ཕུ་མཆོད་ཁང་དཔོན་སློབ་ཀུན་དགའ་དཔལ་བཟང་སོགས་གཙོ་བོར་གྱུར་པའི་འདུས་པའི་ཚོགས་ལ་རྣལ་འབྱོར་དབང་ཕྱུག་ཆེན་པོ་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་གི་བཞེད་གཞུང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ། དབང༌། བྱིན་རླབས། ཆ་ལག །རྒྱབ་རྟེན་གྱི་ལུང་རྣམས་དང་བཅས་པས་སྨིན་རྒྱས་བྱས་ཤིང༌། འདི་སྐབས་རྒྱལ་བསྟན་སྤྱི་དང༌། བྱེ་བྲག་གསང་ཆེན་སློབ་བཤད་པ་རྣམས་ཀྱི་བསོད་ནམས་ལས་མ་གྲུབ་པའི་བཀྲ་ཤིས་ཆོས་སྡེ་ནས་དབོན་རིན་པོ་ཆེ་དག་ཞིང་དུ་གཤེགས་པའི་ཐུགས་དམ་གསལ་འདེབས་པ་འབྱོར་ཞིང༌། ཚོགས་སུ་མཆོད་འབུལ་ཞུས། སྣང་གསུམ་གྱི་རིང་དབོན་གྱིས་ཀྱང་ཚོགས་སུ་ཚར་ལུགས་ཀྱི་དཀར་པོ་རྣམ་གསུམ། སྒྲུབ་ཐབས་བརྒྱ་རྩ། སྒྲོལ་མ་ཉེར་གཅིག །བཀའ་གདམས་ལྷ་བཞི་སོགས་ངག་བཀོད་ལྟར་མཛད། སེམས་བསྐྱེད་དང༌། སློབ་མ་རྗེས་འཛིན་གྲུབ་ནས།