R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༢༤
[A:༣༢༤]ཐུབ་བསྟན་མཁན་ཆེན་ནས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་དང༌། གྲུབ་པའི་དབང་ཕྱུག་རྗེ་དྲུང་རིན་པོ་ཆེ་ནས་ལམ་སྦས་བཤད་ཀྱི་ཁྲིད་གོང་ནས་གསན་པའི་ཞོར་ལ་ཞུས། ལྷ་ཁང་ཆེན་མོའི་རྟེན་རྣམས་དང༌། སྒྲོལ་མ་སེམས་དཔའ་སུམ་བརྩེགས་ཀྱང་ཞིབ་པར་མཇལ། འདི་ཕྱིའི་དོན་དུ་སྨོན་ལམ་ཡང་དག་བཏབ། བསྟན་སྲུང་རྒྱ་མཚོའི་བཞུགས་གནས་ཁའུ་བྲག་རྫོང་མཇལ་བར་ཕྱིན། སྤྱན་གཟིགས་དང་སྙན་དར་ཕུལ། བསྐང་བ་རྒྱས་པར་བྱས་སྐབས་སྒྲ་ཆེན་པོ་ཞིག་དང་ལྷན་དུ། དཔལ་མགོན་ཉིད་བྲམ་གཟུགས་སྐུ་མདོག་མཐིང་ནག་རལ་པའི་ཐོར་གཙུག་ཅན། རྒྱན་ཕྱག་མཚན་སོགས་ཞལ་བཞི་ཡོངས་རྫོགས་ལྟར། དྲག་ཤུལ་མི་བཟད་པ་དང་ལྡན་པ་ཞིག་ཞལ་མངོན་སུམ་དུ་བསྟན་པའི་ཚེ། སེམས་ཐོག་མར་འཇིགས་ཞུམ་པ་དང༌། དེ་ནས་བདེ་བ་དང་ལྡན་པ་ཞིག་བྱུང༌། གྲུབ་དབང་དུ་མས་བྱིན་རླབས་ཁའུར་སླེབས། །བདུད་དཔུང་ཚར་གཅོད་བསྟན་སྲུང་དབང་པོ་ཡི། །སྐུ་ཉིད་མངོན་སུམ་མཐོང་ཞིང་བྱིན་བརླབས་ཚེ། །རྒྱལ་བསྟན་སྲུང་བའི་བཀའ་བསྒོ་ཕྲིན་བཅོལ་བྱས། །གཞན་ཡང་གནས་དེར་བཞུགས་པའི་རྟེན་རྣམས་ཞིབ་པར་མཇལ། སྙན་ཤལ། སྤོས། མར་མེ། ཞལ་ཟས་སོགས་རྒྱས་པར་ཕུལ་ཞིང༌། སྨོན་ལམ་ཡང་དག་བཏབ། ཉིན་སྐོར་གྱིས་ཕྱིར་འབྱོར། སྔགས་འཆང་བླ་མ་ཉིད་ཞབས་པད་ཡུན་རིང་དུ་བརྟན་པའི་ཕྱིར་ངེད་རང་དཔོན་སློབ་རྣམས་ཀྱིས་བཅོམ་ལྡན་འདས་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཆོ་ག་དང་འབྲེལ་བའི་འཆི་བསླུ་དང་ཞབས་བརྟན་རྒྱས་པ་ཞིག་ཕུལ་ཞིང༌། ཡ་གིར་སྡོད་རིང་ཕོག །ཟུར་ཆས། ཉིན་ཁ་ཤས་རེ་ནས་སྟོན་མོ་ཤིན་ཏུ་རྒྱས་པ་སོགས་ལུགས་གཉིས་ཀ་ནས་ཐུགས་ནང་གཙང་ཞིང༌། གང་ཅི་ཐམས་ཅད་དུ་གཞན་དང་མི་འདྲ་བར་