[A:༣༨༥]ཀྱི་བྱིན་རླབས་ཁོ་ན་ཡིས། །བདག་རྩེ་གཅིག་དམ་ཆོས་སྒྲུབ་འདོད་ཤར། །ཚེ་འདི་ཕྱིར་སྐྱིད་པའི་བརྟན་བརླིང་ཁེལ། །ཆོས་ཟབ་ཟབ་གཞན་ལ་སེམས་མ་ཤོར། །དོན་སྙན་བརྒྱུད་གདམས་པའི་བདུད་རྩིས་མྱོས། །ཞེས་གསུངས་པ་དང༌། ཁམས་གསུམ་འགྲོ་བའི་སྐྱབས་མགོན་ངག་དབང་བློ་བཟང་རྒྱ་མཚོས། བདག་ཆེན་རྡོ་རྗེ་འཆང་གིས་གཏད་པའི་བསྟན། །འཛིན་མཁས་ཀུན་སྤངས་ཆོས་རྗེའི་ཐུགས་ཀྱི་སྲས། །བློ་གསལ་རྒྱ་མཚོའི་རྗེས་འབྲང་མ་གཏོགས་པར། །ས་རྫུས་ཕལ་གྱིས་རྟོགས་པའི་སྐལ་བ་ཕྲ། །ཞེས་གསུང་པ་ལྟར། ཐུན་མོང་མ་ཡིན་པ་བདག་ཆེན་རྡོ་རྗེ་འཆང་གིས་ཡབ་འཇམ་དབྱངས་ཆེན་པོ་དང༌། །མཁན་ཆེན་དཀོན་མཆོག་བཟང་པོ། །ངོར་ཆེན་རྡོ་རྗེ་འཆང་གི་ཐུགས་སྲས་མུས་ཆེན་འཁོར་ལོ་སྡོམ་པ་དཀོན་མཆོག་རྒྱལ་མཚན་རྣམས་ལས་གསན་པ་རྗེ་བཙུན་ཀུན་སྤངས་ཆོས་རྗེ་དང༌། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ལ་བཀའ་བབས་པ་གསང་བ་ལས་ཀྱང་ཆེས་གསང་བ་གསུང་ངག་རིན་པོ་ཆེ་ཟབ་མོ་སློབ་བཤད་ཀྱི་སྐོར་རྣམས་ཀུན་མཁྱེན་མཁྱེན་བརྩེའི་ཟིན་བྲིས་བཞིན་སྨིན་རྒྱས་སུ་བྱས་ཤིང༌། དཔོན་སློབ་རྣམས་ཀྱིས་གསེར་གྱི་མཎྜལ། རྟེན་གསུམ། གསེར། དངུལ། བླ་བྲེ། གོས། དར། ཇ། མཛོ། སྣམ་རས། ཁྲབ། རུང་མཐུན་གྱི་གོས་མང་བ་སོགས་དངོས་པོ་རྒྱུ་བཟང་ལ་དཔངས་མཐོ་བར་མཆོད་སྤྲིན་སྤྲོས་ཏེ་ཚར་ལུགས་ཐུན་མོང་མ་ཡིན་པའི་ཕྱག་ལེན་གྱིས་བརྒྱན་པ། སྣང་གསུམ་གྱི་རིང་ལུང་ལ། བརྒྱུད་འདེབས་དངོས་གྲུབ་ཆར་འབེབས་སོགས་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་རིགས། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཟིན་བྲིས་གསང་