R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༨༦
[A:༣༨༦]ཆེན་བསྟན་པ་རྒྱས་བྱེད་ཅེས་བྱ་བ་ལས་གསུང་ངག་བྱོན་ཚུལ་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་དང༌། བྱུང་བའི་ཆོས་ལ་བཤད་སྒྲུབ་བྱ་ཚུལ་གཉིས་མཁྱེན་བརྩེས་མཛད་པ། ས་སྐྱ་པ་ཆེན་པོའི་རྣམ་ཐར་ནས་ངོར་ཆེན་ཡབ་སྲས་ཀྱི་བར་དང༌། དེ་ནས་བདག་ཆེན་རྡོ་རྗེ་འཆང་ནས་ངེད་རང་གི་རྟོགས་བརྗོད་ཀྱི་བར་ཡོངས་སུ་རྫོགས་པར་བྱས་ཤིང༌། ཐུན་མོང་མ་ཡིན་པའི་མཎྜལ་དང༌། སྡོམ་གཟུང་གི་ཚིགས་བཅད་གཉིས་ཀ་ལ་བརྟེན་པ་རྒྱས་པའི་ལུགས་གཉིས་ཀྱི་སེམས་བསྐྱེད་ལེགས་པར་བྱས། ཕྱི་དྲོ་སློབ་མ་རྗེས་འཛིན་དང༌། གསག་སྦྱོང་གི་དམིགས་པ་ཞིབ་ཏུ་ཕོག་སྟེ་སོ་སོར་ནན་ཏན་ཏུ་བསྒོམ་དགོས་པའི་བསླབ་བྱ་ཡང་དག་བྱས། ངེད་བསྙེན་པ་ཁ་གསོ་དང་བུམ་ཆུ་ནུས་ལྡན་དུ་སྒྲུབ་པ་གྲོལ་ནས། སུམ་ལྡན་རྡོ་རྗེ་འཛིན་པ་དགེ་སློང་རིན་པོ་ཆེ་འདམ་ནས་ཆིབས་ཁ་བསྒྱུར་བར། མཛོད་པ་སོགས་ཕེབ་བསུར་བཏང་སྟེ། བླ་བྲང་དུ་སྤྱན་དྲངས། གཞིས་ལེན་ཤིན་ཏུ་གཟབས་པ་དང༌། གསེར། ཇ། དར། རས། རྟ། མཛོ་མོ་སོགས་རྒྱས་པར་ཕུལ། ཆིབས་ཁ་བསྒྱུར་བར་ཆིབས་སྐྱེལ་ཞུས། དེ་ནས་དཔོན་སློབ་རྣམས་ལ་མུས་ཆེན་གྱི་མངོན་དཀྱིལ་ལ་ཚར་ཆེན་གྱི་ལྷན་ཐབས་དང༌། སྙིང་པོ་བསྡུས་པ་སྦྱར་ཏེ་མཁན་ཆེན་དེ་ཉིད་ཀྱི་གསུང་རྒྱུན་ལྟར་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་རྒྱུ་དུས་ཀྱི་དབང༌། དབང་ལྷ་སྤྱན་འདྲེན་གྱི་དུས་གཞལ་ཡས་ཁང་དང་ལྷ་སྣམ་གསུམ་གྱི་སྟེང་གདན་གསུམ་ཚང་བའི་ལྷ་ཚོགས་བཀོད་པ་དང༌། སློབ་དཔོན་གྱི་དབང་གི་དུས་སློབ་མ་དབང་སྟེགས་ཀྱི་སྟེང་དུ་འཇོག་པ་སོགས་ཚར་ལུགས་ཀྱི་ཕྱག་ལེན་འཁྲུལ་མེད་བྱས། དབང་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་མི་ཉམས་ཤིང་བསྲུང་བའི་ཕྱིར་རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་ལྟུང་བ་རྒྱ་ཆེར་