R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༨༨
[A:༣༨༨]ལྟར་བྱུང་བ་བཞིན་དུ་ཕུལ། རྒྱབ་སྐྱོར་ལུང་ལ་ཇོ་ལྕགས་མ་གཙོ་བོར་གྱུར་པའི་ལམ་འབྲས་གླེགས་བམ་ཁ་སྐོང་དང་བཅས་པ། རྗེ་བཙུན་གོང་མ་རྣམས་ཀྱི་ཡི་གེ་མང་པོའི་ལུང༌། བླ་མ་ལྔ་བཅུ་པའི་འགྲེལ་པ་དངོས་གྲུབ་སྒོ་འབྱེད་སོགས་ཚར་ཆེན་ཡབ་སྲས་ཀྱིས་མཛད་པའི་ཡི་གེ་མང་པོ། །གོང་གི་ཁྲིད་ཡིག་རྣམས་ཡོངས་སུ་རྫོགས་པའི་ལུང༌། བསྐྱེད་རྫོགས་ཀྱི་རྣམ་བཤད་ཚར་ཆེན་གྱིས་མཛད་པ། གསུང་གི་བཀྲ་ཤིས་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པ་སོགས་མདོར་ན་མཁན་ཆེན་དེ་ཉིད་ཀྱིས་ངེད་རང་ལ་གསུང་ངག་སློབ་བཤད་ཀྱི་ཆོས་སྐོར་གནང་བ་རྣམས་གཅིག་ཀྱང་མ་ལུས་པར་ཕུལ་ཞིང༌། ལྔ་པ་ཆེན་པོས་མཁན་ཆེན་དེ་ཉིད་ལ་གནང་བའི་ཕྱག་དཔེ་རྣམས་ངེད་རང་ལ་བསྔགས་བརྗོད་བཅས་བཀའ་དྲིན་བསྐྱངས་བྱུང་བའང་ཆོས་བདག་པོར་སྦྲོད་པའི་ཚུལ་གྱིས་ས་སྐྱ་པའི་བསྟན་པ་སྤྱི་དང༌། བྱེ་བྲག་ཟབ་མོ་སློབ་བཤད་པའི་བསྟན་པ་གོང་ས་ལྔ་པ་ཆེན་པོའི་བསླབ་སྟོན་ལྟར་སློབ་བཤད་ཀྱི་བསྟན་པ་གསལ་བར་མཛད་དགོས་པའི་སྙན་འབུལ་བཅས་ཕྱག་དཔེ་རྣམས་ཀྱང་ཞབས་དྲུང་དབོན་རིན་པོ་ཆེར་ཕུལ་ལོ། །བདག་མེད་མཁའ་འགྲོའི་ཞལ་དྲོད་ཛ་ཧུའི་རྒྱུན། །རྣལ་འབྱོར་དབང་ཕྱུག་ཐུགས་ཀྱི་རྒྱ་མཚོར་འཁྱིལ། །དེ་ལས་རྗེས་འབྲང་ཆུ་ཀླུང་བྱེ་བ་བརྒྱས། །འཕགས་བོད་འཛིན་མའི་ཁྱོན་ཀུན་དོག་པོར་བྱས། །འཇིགས་བྲལ་སྟོགས་བཅུའི་བདག་ཉིད་བི་རཱུའི་ཞབས། །བྱང་ཕྱོགས་ཁ་བ་རི་པའི་དཔུང་གཉེན་དུ། །ལེགས་བྱོན་ས་སྐྱའི་འཇམ་མགོན་རྗེས་འབྲང་གིས། །ཚུལ་འདི་ཉི་ཟླ་ལྟ་བུར་གསལ་བར་མཛད། །ཐུན་མོང་གཏམ་གྱི་བ་ཚྭའི་རྫིང་བུའི་ཁྲོད། །ཚོགས་བཤད་འདམ་སྐྱེས་གཞོན་ནུ་ཆེས་མང་ཡང༌། །གསང་ཆེན་སློབ་བཤད་ཨུ་དུམྺརའི་བཅུད། །བློ་གསལ་རྒྱ་མཚོ་རྗེས་འབྲང་བཅས་ལས་སུ། །ཁྱབ་བདག་སྐུ་བཞིའི་བདག་ཉིད་