[A:༣༨༩]ཧེ་རུ་ཀ །ངུར་སྨྲིག་བླ་གོས་འཛིན་པ་ཞྭ་ལུ་པའི། དྲིན་ལས་ཐུབ་བསྟན་ཡོངས་རྫོགས་ཉམས་ལེན་འདི། །བུམ་པ་གང་བྱོར་ཐོབ་པ་ཁོ་བོ་ཙམ། །ད་ལམ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས། །རང་བསྟན་སྤེལ་ཕྱིར་བསམ་བཞིན་སྤྲུལ་པའི་གར། །ལེགས་བསྒྱུར་རིགས་དབོན་མཁྱེན་བརྩེ་རབ་བརྟན་ལ། །ཟབ་ཆོས་ཡོངས་རྫོགས་བདག་པོ་ཉིད་ལ་སྤྲད། །ཨ་ཧོ་སྐལ་བཟང་སྣོད་ལྡན་བློ་གསལ་རྣམས། །ཡོངས་རྫོགས་གདམས་པའི་སྙིང་པོ་བསྟན་ཟིན་གྱི། །འདི་སྣང་ཚེ་འདིའི་བྱ་བས་མ་གཡེངས་པར། །རྩེ་གཅིག་ཉམས་སུ་ལོང་ཞིག་སྙིང་གི་བུ། །རང་བཟོའི་བཤད་ཡམས་བསྒྲིགས་པའི་ཟླ་ཟེར་གྱིས། །སྣོད་ལྡན་ཡིད་ཀྱི་འདབ་མ་ཅི་ཞིག་བཞད། །སློབ་བཤད་ཉིན་བྱེད་སྣང་བ་འདི་ཤར་ཚེ། །བློ་གསལ་སྙིང་གི་པད་དཀར་རང་དབང་ཅི། །གསུང་ངག་གི་ཆོས་ར་ཞག་ལྔ་དྲུག་ཙམ་ནས་ཚུགས་རྩིས་ནས། ཟླ་གཅིག་ལྷག་ཙམ་གྱི་རིང་ནད་རོ་ལྡང་བ་ཡ་མར་བབས་པའི་སེམས་མི་བདེ་བ་སོགས་ལྷོངས་ཆེ་བར་བྱུང་སྐབས། ཉན་པོ་ནས་གྲུབ་པའི་དབང་ཕྱུག་ཆོས་རྗེ་རིན་པོ་ཆེ་བཞུགས་ཡོད་པས་ཚེ་དབང་བརྒྱ་རྩ། རྟ་མགྲིན། ཕྱག་རྡོར། འབྱུང་འདུལ། རྣམ་འཇོམས་བྱབ་ཁྲུས་གནང་ཞིང༌། དབོན་རིན་པོ་ཆེས་མཛོད་པ་དང༌། གཉེར་པ་ངག་དབང་ལ་བསླབ་སྟོན་གནང་སྡེ་བཀའ་འགྱུར་སོགས་ཆོས་སྒྲོགས། བསྐང་བ་བརྒྱ་རྩ་ཁ་ཤས། བརྒྱ་བཞི། གཏོར་ཆེན་སོགས་རིམ་གྲོའི་རིགས་དང༌། འཚོ་མཛད་དོན་གྲུབ་ཆོས་ཞུ་བར་ཡོད་གཤིས་སྨན་གྱི་འཕྲོད་བསྟེན་མཛད་པ་དང༌། རིན་སྡིངས་ནས་ཚ་མོ་ཆོས་མཛད་མ་གཉིས་ཀྱིས་གཙོས་བཙུན་མ་རྣམས་ཀྱིས་རྟེན་འབྱུང་བྱས་པས་རིམ་བདེར་སོང༌། མཐོང་སྣང་ལ་