[A:༣༩༠]གཟིམས་ཆུང་ཉི་འོད་དུ་བནྡེ་རིགས་མི་གཅིག་པ་དུ་མ་འཚང་བ་དང༌། གཡས་གཡོན་དུ་རྒྱུག་པ་སོགས་བྱུང་སྐབས་དཔལ་ལྡན་ལྷ་མོའི་དྲེའུ་རྒྱུན་དུ་རྒྱུག་ཅིང༌། སྐབས་འགར་ལྷ་མོ་ཉིད་སྐུ་མདོག་སྔོ་ནག་རྒྱན་ཕྱག་མཚན་ཡོངས་རྫོགས་དང༌། ཆུ་སྲིན་མའང་ཁྲག་མདོག་ལྟ་བུར་མཐོང་ཞིང༌། དམ་ཅན་པུ་ཏྲ་ཉིད་ཧ་ལ་ནག་པོ་ལྟར་རལ་གྲི་དང་ཞགས་པ་ཐོགས་པ་མངོན་སུམ་དུ་མཐོང་བས་རིམ་གྱིས་དྲག་ཏུ་སོང་སྐབས། ནུབ་གཅིག་རྨི་ལམ་དུ་གཟིམས་ཆུང་གི་གུང་ན་ཁྲི་མཐོ་བ་ཞིག་གི་སྟེང་དུ་རྗེ་བཙུན་ཆེན་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་ཤིང༌། སྐུའི་གཡས་གཡོན་དུ་དགེ་བསྙེན་གྱི་ཚུལ་གཉིས་བཞུགས་འདུག་པ། གཅིག་ཞུ་བྱས་ཡིན་འདུག་ཅིང༌། གཅིག་ཟངས་ཚ་ཨེ་ཡིན་བསམ་པ་བྱུང༌། མོས་གུས་ཀྱིས་ལངས་ཏེ་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ཞིག་བྱུང་བ་ནི་སྣོད་ལྡན་གྱི་སློབ་མར་སློབ་བཤད་ཕུལ་བས་མཉེས་ཤིང་བར་ཆད་ཞི་བའི་ཕྱིར་བྱིན་རླབས་གནང་བར་མངོན། དཔོན་སློབ་རྣམས་ཀྱིས་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ལ་བརྟེན་པའི་རྟེན་འབྱུང་དང༌། དངོས་པོའི་མཎྜལ་རྒྱས་པར་གནང་སྟེ་རིང་པོར་སྡོད་དགོས་པའི་གསུང་ནན་ཆེ་བར་མཛད་པར་ངེད་རང་སོ་སྐྱེར་སོང་བས་ཁས་ལེན་ག་ལ་ཞུ་ནུས་ཀྱང་དེ་ཁའི་འདུན་པ་ཙམ་ཞུ་བའི་ཁས་བླངས། ཆོས་གེགས་མེད་དུ་གྲུབ་པའི་གཏང་རག་ཏུ་བསྟན་སྲུང་རྒྱ་མཚོར་རྟེན་རྫས་སོགས་ཡིད་འགུལ་བ་བཤམས་ཏེ་གཏང་རག་གི་བསྐང་བ་རྒྱས་པར་ཕུལ། མཁའ་འགྲོ་ལྔ་མཉེས་པར་བྱེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་ཞབས་ཏོག་མཛོད་པ་ལྷུན་གྲུབ་ཀྱིས་རྒྱ་ཆེ་ཞིང་དཔངས་མཐོ་བ་ཤིན་ཏུ་བཟབས་པར་ཞུས། མ་ནས་མཛོད་པ་འདི་ལོ་བཅུ་གཅིག་ནས་འཁྲིས་སུ་བཅར་བའི་གཡོག་འགྲུས་པ་བྱས་ཤིང༌། ལྷག་པར་མཛོད་པ་དང༌། ནད་གཡོག །སྒེར་