R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༦༡
[A:༡༦༡]འཇུག་པ་ལྟར། །རྨད་བྱུང་ཐུབ་པའི་བསྟན་གྱིས་ཡིད་དྲངས་ནས། །བཤེས་གཉེན་དམ་པའི་དྲུང་དུ་བསྙེན་པར་རྫོགས། །འཕགས་པའི་ཡུལ་དུ་སྡེ་པ་རྣམ་བཞིའི་ནང༌། །ཆེ་ཁྱད་འཕགས་པ་ཡོད་པར་སྨྲ་བའི་ལུགས། །ཀསྨི་ར་པའི་པཎ་ཆེན་ཤཱཀྱ་ཤྲཱི། །གྲྭ་སར་ཞུགས་ནས་ངུར་སྨྲིག་བླ་གོས་གྱོན། །གྲོགས་དག་དལ་འབྱོར་ལྡན་པའི་རྟེན་བཟང་འདི། །དགོས་མེད་ཚེ་འདིའི་འདུ་འཛིས་མ་གཡེངས་པར། །བག་ཡོད་ཁྲིམས་ལྡན་ངུར་སྨྲིག་འཆང་བ་འདི། །བགྲང་ཡས་བསོད་ནམས་བསགས་པའི་འབྲས་བུར་ངེས། །ཆག་མེད་ཁ་གསོའི་དབང་བྱིན་རླབས་རྣམས་ཞུ་བར་ཐུབ་བསྟན་རྣམ་པར་རྒྱལ་བའི་ཆོས་གྲྭར་མཁན་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ངག་དབང་བརྟན་པའི་རྡོ་རྗེའི་སྐུ་ཞབས་སུ་ཕྱིན། སྟབས་འགྲོས་སུ་སོང་གཤིས་དགེ་འདུན་རྣམས་ཆོས་ར་ནས་དབུ་ཞྭ་མཆོད་དེ་སེར་ཕྲེང་གི་ཚུལ་མཛད། སྤོས་བསུ་དང་བཅས་ཏེ་བླ་བྲང་དུ་འབྱོར་འཕྲལ་ཐམས་ཅད་མཁྱེན་པ་ཆེན་པོའི་སྐུ་ཞབས་སུ་ཕྱིན་པས། བཞུགས་ཁྲི་ནས་ས་གདན་གྱི་སྟེང་དུ་ཕེབ་འདུག་པར་ཕྱག་དབང་ཞུས་ཏེ་གདན་བཟོས་བཞུགས་སྟན་དང་མཉམ་པར་འདུག་པར་ནན་གྱིས་སྡོད་གསུངས་པས་བསྡད། དགེས་ཚོར་གསུང་གླེང་རྒྱས་པར་མཛད། དེ་དགོང་ཀྱེ་རྡོ་རྗེའི་རྒྱུ་དབང་གི་སྟ་གོན་ཚུགས། ཕྱི་ཉིན་དངོས་གཞི་དང་ལམ་དབང་རྒྱས་པར་སྩལ། བདག་མེད་ལྷ་མོ་བཅོ་ལྔའི་བྱིན་རླབས། ལམ་ཟབ་ཕྱི་ནང༌། བིར་སྲུང་ཕྱི་ནང༌། སྒྲུབ་པ་ལུང་སྦྱིན། བརྡ་ཆིག་བརྒྱུད། བརྡ་དོན་གསལ་བ་རྣམས་ཀྱི་བྱིན་རླབས། ག་ཡ་དྷ་ར་ནས་བརྒྱུད་པའི་མགོན་རྐྱང་གི་རྗེས་གནང་རྣམས་སྩལ། སྒྲུབ་