[A:༡༦༢]པ་ལུང་སྦྱིན་གྱི་སྐབས་སྐུ་བོང་དང་གཟི་བརྗིད་ཤིན་ཏུ་ཆེ་བར་མཐོང་ཞིང༌། ཚེའི་ཚད། སློབ་མ་གཙོ་ཆེ་བའི་གྲངས། ཕྲིན་ལས་སོགས་ཀྱི་ལུང་བསྟན་གསལ་བར་སྩལ་བ་བཞིན་ཕྱིས་ཐོག་ཏུ་ཁེལ། ཉིན་རེ་བཞིན་གཞི་ལེན། འོང་ཁར་ཚེ་དབང་དང་གནང་སྦྱིན་རྒྱས་པར་སྩལ་ཏེ་གཟིམས་ཆུང་གི་སྒོའི་བར་སྐྱེལ་བར་གནང༌། དད་གུས་ཀྱི་མཆི་མ་འཁྲུག་ཅིང་མོས་གུས་ཀྱིས་འོང་མི་ཕོད་པ་ལྟ་བུའི་ངང་ནས་ཕྱིར་ལོག །རྩེ་གདོང་དུ་དབོན་རིན་པོ་ཆེ་འཇམ་དབྱངས་བསྟན་འཛིན་དབང་པོ་སྐུ་མཆེད་ཀྱིས་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་གཟབས་སྤྲོས་ཀྱི་སྐུ་འཆམ་གནང་བར་ལྟད་མོར་ཤོག་གསུང༌། ལེགས་འབུལ་དང་བཅས་ཕྱིན། སྟོན་མོ་གཟབས་པར་གནང༌། གདན་ས་གཞན་དང་མ་འདྲ་བས་གཟི་བྱིན་ཆེ་ཞིང་ཐུགས་གྲ་འགྲིགས་པར་འདུག་ལ། ཡབ་བདག་ཆེན་རིན་པོ་ཆེས་བསྒྲལ་ལས་གནང་སྐབས་རྟགས་ཁྱད་པར་ཅན་བྱུང་སོང༌། ཞག་ཁ་ཤས་བསྡད། སོ་སོར་ཆོས་འབྲེལ་རེ་ཞུས། ལུགས་གཉིས་ནས་བརྩེ་བས་བསྐྱངས་ཏེ་ཕྱིར་ལོག །མར་ལམ་ཡངས་པ་ཅན་དུ་གནས་མཇལ་ལ་ཕྱིན། མཁན་པོར་བསྔོ་རྟེན་དང༌། ཚོགས་སུ་མང་ཇ། སྙན་ཤལ། མཆོད་པ་བཅས་གནས་མཇལ་རྒྱས་པར་ཞུས། གཞི་ལེན་ཀྱང་རྩལ། རིམ་གྱིས་བསྐྱོད་པས་ངེད་རང་གི་ཆོས་གཞིས་བཀྲ་ཤིས་སྒང་དུ་སླེབས། ཕྱི་ཉིན་གཅུང་རིན་པོ་ཆེ་འཕགས་པ་ཉེ་བར་འཁོར་སླར་བྱོན་པ་ལྟ་བུའི་མཁས་ཞིང་བཙུན་པའི་དབང་ཕྱུག་དམ་པས་གཙོས་བླ་ཁག་དང༌། དབུ་ཆོས། མི་སྣ་སོགས་ཀྱིས་བསུ་བ་བཅས་ཤྲཱི་ནཱ་ལེནྡྲ་རྣམ་པར་རྒྱལ་བའི་ཆོས་གྲཱར་སླེབས། གཟིམས་ཁང་སོགས་སོ་སོ་ནས་གཞིས་ལེན་དང་ལེགས་སོའི་གཏེར་སྦྱིན་བྱུང༌།