[A:༡༦༧]མང་བ། དར་སྣ། འབྲུ་སྣ། སྨན་སྣ་སོགས། གནོད་སྦྱིན་བང་མཛོད་འཁོར་ལོ་དང་བཅས་པ་ངོར་ཆེན་རྡོ་རྗེ་འཆང་གི་ཕྱག་བཞེས་ལྟར་ཁོ་བོ་དཔོན་སློབ་བརྒྱད་ཀྱིས་ཞག་བདུན་གྱི་བར་དུ་བསྒྲུབས་པ་བཅས་ནང་གཞུག་ཕྱག་ལེན་དངོས་གཙང་བ་ཕུལ་ཏེ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞུགས་པ་དང༌། ཆུང་བར་ནང་གཞུག་གོང་མ་ཆོས་ཀྱི་སྤྱན་ལྡན་རིགས་བརྒྱའི་ཁྱབ་བདག་ཆེན་པོའི་སྐུ་རུས་ལས་རང་བྱོན་རིང་བསྲེལ་གྱིས་གཏམས་པ་དུ་མ་དང༌། གདུང་ཚཱ། སྦུར་རས། རྒྱ་བོད་ཀྱི་མཁས་གྲུབ་ཆེན་པོ་རིམ་བྱོན་མང་པོའི་གདུང༌། རིང་བསྲེལ། དབུ་ལོ། ན་བཟའ། དམ་རྫས། སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་མང་བ། གོང་མ་ཉིད་ཀྱི་ན་བཟའ་ཆ་ཚང༌། ཞལ་དཀར་བཞེས་སྤྱད། གསོལ་སྡེར་སོགས་དང༌། རིན་པོ་ཆེའི་རིགས། ནོར་སྣ་མང་བ། གནོད་སྦྱིན་འཁོར་ལོ་སྔ་མ་ལྟར་བསྒྲུབས་པས་འགྲོ་བའི་མཆོད་སྡོང་ཆེན་པོར་བཞུགས་སུ་གསོལ་ཏེ་དཔལ་དགྱེས་མཛད་རྡོ་རྗེ་ལ་བརྟེན་པའི་རབ་གནས་ནུབ་གསུམ་ངེད་དཔོན་སློབ་བཞི་བཅུ་སྐོར་གྱིས་གཟའ་ཚེས་དགེ་བར་གྲུབ་སྟེ་མཐར་ཕྱིན་པར་བྱས་སོ། །རིགས་བརྒྱའི་ཁྱབ་བདག་ཟུང་གི་གདུང་རྟེན་མཆོག །འགྲོ་ཀུན་བསོད་ནམས་གསོག་པའི་ཞིང་ས་རུ། །བཟོ་དབྱིབས་རྣམ་རྒྱལ་བྱང་ཆུབ་མཆོད་རྟེན་ཚུལ། །ཟུང་ནི་བྱིན་རླབས་འདུས་པའི་ཕུང་པོར་བསྒྲུབས། །སྐུ་རྒྱུ་རིན་ཆེན་གསེར་དངུལ་ལས་གྲུབ་པ། །ཁྱད་འཕགས་རིན་ཆེན་སྣ་ཚོགས་ཕྲ་ཡིས་སྤྲས། །གཟུངས་གཞུག་རབ་ཏུ་གནས་པ་ལ་སོགས་པ། །རང་གིས་ལག་བསྟར་གུས་པས་སྲི་ཞུར་བྱས། །ལྷག་བསམ་ཆ་ཤས་རྫོགས་པའི་འོད་དཀར་ཅན། །